​རྗེ་བཙུན་བླ་མ་དམ་པ་ལ་བསྟོད་པའི་རབ་ཏུ་བྱེད་པ་དད་པའི་མེ་ཏོག་འཐོར་བའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-01 21:08:56     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

༄༅༎ ཛྙཱ་ན་སྱ་ཀ་ཡཽ་ཨ་ར་ཛརྒ་བྷཱ་རཱ་ཏྲ༎འཇམ་དཔལ་གཞོན་ནུའི་དྭངས་མའི་ཡེ་ཤེས་སྐུ། །རཱུ་པཻ་བ་ཨ་དཱ་རི་ཀ་ཏཱ་སུ་མི་ཏྲཾ༎རཱུ པཻ བ ཨ དཱ རི ཀ ཏཱ སུ མི ཏྲཾ། །རགས་པའི་གཟུགས་སུ་རོལ་བའི་དགེ་བའི་བཤེས། །སཾ་པཱུ་རྣ་ནི་རྡེ་ཤདྷ་རེརྣི་དྷེ་ཛྙཱཿ༎སཾ པཱུ རྣ ནི རྡེ ཤ དྷ རེ རྣི དྷེ ཛྙཱཿ། །ཡོངས་རྫོགས་ཐུབ་བསྟན་འཛིན་པའི་བློ་གྲོས་གཏེར། །ཙཱུ་ཊ་སྱ་ར་རཏྣཾཏ་བ་པཱ་དདྷཏྟཱཾ༎ཙཱུ ཊ སྱ ར ར ཏྣཾ ཏ བ པཱ ད དྷ ཏྟཱཾ། །ཁྱོད་ཀྱི་ཞབས་པད་གཙུག་གི་ནོར་བུར་མཆོད། ། སྲིད་པའི་འདམ་དང་བྲལ་ཞིང་སྙིང་རྗེའི་ཆབས་ཀྱིས་བསྐྱེད་པའི་སྤྲུལ་བའི་པདྨ་ནི། །གཙང་མའི་རིགས་ཀྱི་རྫིང་བུར་ལེགས་པར་བལྟམས་དང་ལྷན་ཅིག་ཀུན་བཟང་སྤྱོད་པ་ཡི། །ཡིད་འཕྲོགས་དྲི་བསུང་མངར་པོས་སྐལ་བཟང་བུང་བའི་ཚོགས་ཀུན་ངོ་མཚར་མགྲོན་ཆེན་པོར། །བོས་པའི་བྱིས་པའི་སྤྱོད་ཀྱང་འཕགས་ཆེན་རྒན་པོའི་བརྟུལ་ཞུགས་ཨེ་མ་འདི་གོ་རྨད། །སྙིགས་མ་མུན་པའི་རུམ་དུ་སྐྱེས་པའི་འོད། །ལྟར་སྣང་འདྲེས་ཀྱང་རིན་ཆེན་སེམས་ཀྱི་རྡུལ། །མི་མཉམ་གཞན་ཕན་སྨོན་པའི་རིགས་སྔགས་ཀྱིས། །བཏབ་པའི་ཡེ་ཤེས་སྒྱུ་མ་འདི་ལ་དད། །ཁྱད་པར་ཕྱོགས་དང་ཟླ་བའི་བགྲང་བྱའི་ཚེ། །དུས་རིང་ཞིག་ནས་རླབས་ཆེན་སྤྱོད་པ་ལ། །གོམས་པའི་འཇིགས་མེད་གད་རྒྱང་ཆེར་བསྒྲག་པས། །རྒྱལ་སྲས་རི་དྭགས་དབང་པོར་མངོན་སུམ་གྱུར། །དེ་ཚེ་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་ཉིད་ལས་ཚོང་དཔོན་ནོར་རྣམས་བརྟན་པའི་བུ་བཞིན་ཏུ། །རྒྱལ་སྲས་སྤྱོད་ལ་སློབ་པའི་ཐེག་མཆོག་ཆོས་ལ་པདྨའི་མཚོ་ལ་སྲེད་པའི་ངང་པ་བཞིན། །གངས་ཅན་ལུམྦིའི་སྐྱེད་ཚལ་མཆོག་གི་སྡེ་ལ་ལེགས་པར་ཞུགས་ཏེ་རིགས་པའི་གཞུང་ལུགས་བརྒྱ། །རྣམ་དཔྱོད་དཔལ་དུ་བཞེས་པའི་རྒྱལ་བའི་སྲས་ཀྱི་རྣམ་པར་ཐར་པ་འདི་ནི་ངོ་མཚར་བླ་ན་མེད། །དེ་ཚེ་སྒྲ་དབྱངས་སྲས་པོ་དང་། །ཁྱོད་ཉིད་བཤེས་གཉེན་བསྟེན་པ་ལ། །ཤ་ཁྲག་བཙོང་དང་མ་བཙོང་ལས། །བསམ་སྦྱོར་གཞན་ལ་ཐ་དད་མེད། །དེ་ནས་བཟུང་སྟེ་ཉིན་རེ་བཞིན། །དམ་པའི་ཡོན་ཏན་ཆུ་བོ་བརྒྱ། །ཁྱོད་ཐུགས་རྒྱ་མཚོར་དྲངས་པ་ཡིས། །མི་ཟད་ཡོན་ཏན་གཏེར་དུ་གྱུར། །བླུན་པོ་སྦྱང་གོམས་མེད་བཞིན་དུ། །ཡོན་ཏན་འཚོལ་ལ་ལྷག་པར་གཡེལ། །ཁྱོད་ཉིད་སྐྱེས་ཐོབ་རྫོགས་བཞིན་ཏུ། །ཡོན་ཏན་འཚོལ་ལ་ངོམས་པ་མེད། །རིང་ནས་སྦྱངས་པའི་ཡོན་ཏན་གཏེར། །པདྨ་རྒྱས་པའི་དྲི་བསུང་ལྟར། །སྦ་བར་བཏུབ་པ་མ་ཡིན་ཀྱང་། །ད་དུང་ཚེ་རབས་རེ་རེ་བཞིན། །གདུལ་བྱ་འདུལ་བའི་དོན་གྱི་སླད། །སྦྱངས་སྟོབས་ཡོན་ཏན་བདུད་རྩིའི་ཀླུང་། །བཞེས་ལ་རིངས་བའི་སྒྱུ་མའི་འཕྲུལ། །འདི་ནི་ངོ་མཚར་ཀུན་གྱི་ཕུལ། །གྲངས་མེད་རྒྱལ་བའི་མདུན་སར་ཟབ་མོའི་དོན། །རྣམ་པར་འབེལ་བའི་ལེགས་བཤད་གླུ་དབྱངས་དང་། །ལྷན་ཅིག་ཀུན་བཟང་སྤྱོད་པའི་རྩེ་དགའ་ཡིས། །མངོན་རྟོགས་ནོར་བུའི་མཛོད་ལ་དབང་བསྒྱུར་བཞིན། །སྙིགས་མ་ལྔ་ཡིས་དམན་པའི་ཡུལ་དུས་འདིར། །དམུ་རྒོད་འདུལ་བའི་ཐབས་མཁས་ཐོང་གཤོལ་གྱིས། །གཞན་ཕན་སོ་ནམ་བྱེད་པ་ཁྱོད་འདྲ་ཡང་། །ཀྱེ་མ་སྐྱེ་བོ་ཕལ་དང་སྙོམས་རྣམས་བླུན། །གངས་རིའི་མུ་འཁྱུད་འཛིན་པའི་ལྗོངས་འདི་རུ། །ལོ་པཎ་བསྟན་པའི་སྒྲོན་མེ་མང་བྱོན་ཏེ། །ཆོས་འདོད་ཆོས་ཀྱི་བགོ་སྐལ་ལ་བཞག་པའི། །རིས་མེད་བསྟན་པའི་ཀླུང་བརྒྱ་ཁྱོད་ཀྱིས་གསོས། །འོན་ཏང་ཡན་ལག་བརྒྱད་ལྡན་དགེ་བའི་རྫིང་། །ཀུན་ལ་བདུད་རྩིར་གྱུར་བའི་ལུགས་བཟང་རྒྱུན། །བསམ་འཕེལ་ནོར་བུར་བསྔགས་པའི་རྣམ་ཐར་འདིས། །དྲངས་ཤིང་བློ་གྲོས་ལྡན་པའི་ཕུལ་དུ་བསྟན། །ལྔ་ཕྲག་རིགས་གཞུང་པདྨའི་ལྡུམ་ར་ཆེར། །ཁྱོད་ཀྱི་མཁྱེན་པའི་ཉི་འོད་ལྷུང་ཙམ་ནས། །དཀའ་གནད་འདབ་བརྒྱའི་འཛུམ་ཟེར་གྲོལ་གྱུར་ཏེ། །ལེགས་བཤད་སྦྲང་རྩིའི་དུས་སྟོན་གཡུལ་དུ་ཟ། །ཐེག་ཆེན་ཆོས་ཀྱི་མཁའ་དབྱིངས་ཡངས་བའི་ཁྱོན། །ཁྱོད་བློ་རྣམ་སད་འོད་བརྒྱས་འཁྱུད་པ་ལས། །བྱང་ཆུབ་སེམས་ཀྱི་བསྔགས་བརྗོད་པད་དཀར་ ཕྲེང་། །སྐལ་བཟང་སྙན་གོང་མཛེས་པའི་རྒྱན་དུ་སྦྱིན། །དེ་སླད་ཁྱོད་ལ་འདུན་པའི་ལུས་ཅན་ཀྱང་། །ལྟར་སྣང་ལམ་ལ་ལམ་དུ་མི་འཁྲུལ་བས། །ཐེག་མཆོག་རིགས་ཀྱི་ནུས་པ་སད་པ་ནི། །སོ་གའི་མེ་ཏོག་ཚོགས་རྣམས་རྒོད་པ་བཞིན། །སྟོང་ཉིད་ལུས་ཕྲའི་འཇོ་སྒེག་མིག་འཕྲུལ་ལྟར། །བསྒྱུར་བས་མཁས་པའི་ཚོགས་ཀྱང་ངལ་མོད་དེ། །གང་གི་བློ་གྲོས་བང་ན་ལྷུན་ཆགས་པ། །རྣམ་པར་མི་རྟོག་རི་བོའི་བརྟུལ་ཞུགས་འཛིན། །གཤིས་ལུགས་ནམ་མཁའི་ཁམས་སུ་སྤྲོས་པའི་སྤྲིན། །མེད་བཞིན་རྟོག་པའི་པིར་གྱིས་བྲིས་པ་ཡི། །འཁོར་འདས་སྣང་གྲགས་འཇའ་ཚོན་རི་མོ་ལྟར། །མ་འདྲེས་བཀྲ་བའི་ལྟད་མོ་ཁྱོད་ཀྱིས་གཟིགས། །ཕྱོགས་བཅུའི་ཞིང་ན་རྒྱལ་སྲས་རི་དྭགས་ཁྱུའི། །མཆོག་གྱུར་ཆོས་ཀྱི་རྗེས་འབྲང་ཁོ་ནའི་ཚོགས། །དགའ་བའི་མྱོས་པའི་ཟབ་མོའི་དུས་སྟོན་དེར། །ཁྱོད་བློ་བློ་བཟང་རྒྱལ་བ་ཇི་བཞིན་མཛེས། །སྡོམ་གསུམ་ཚུལ་ཁྲིམས་གསེར་གྱི་སྙེ་མ་ཆེ། །ཁྱོད་ཀྱི་ཕྱག་མཚན་ཉིད་དུ་ཡོངས་བཞེས་ནས། །ཉེས་ལྟུང་བ་མོའི་རེག་པས་མ་གོས་པས། །བཙུན་པའི་འོད་སྟོང་ལམ་མེར་གྱུར་འདི་རྨད། །ཁྱོད་སྐུ་མ་ལ་ཡ་ཡི་ལྗོན་པ་བཞིན། །ཡིད་འཕྲོག་ཚུལ་ཁྲིམས་བཟང་པོའི་དྲི་ངད་རྒྱུན། །ཀུན་ནས་ལྡང་བས་འཁོར་ཡུག་དགའ་བྱེད་པ། །ཆོས་ཀྱི་དེད་དཔོན་ཁྱོད་མིན་སུ་ལ་བདོག། །ཁྱོད་ནི་སྙིང་རྗེའི་གཞན་དབང་གྱུར་བ་ཡི། །བཟང་པོའི་ཐུགས་ཀྱི་ཟླ་བ་གསར་བའི་ཁམས། །ཕྱིན་དྲུག་རི་དྭགས་མཚན་མ་ལས་གཞན་པའི། །ཀུན་རྟོག་དྲི་མས་བཏང་བའི་ཆེས་ཆེར་དཀར། །རྙེད་བཀུར་འདོད་པའི་འདམ་གྱིས་མ་གོས་པའི། །ཆགས་མེད་ཆུ་ཡི་པདྨོ་གཉིས་པའི་ཐུགས། །སྟོང་ཆེན་ཆོས་ཀྱི་མཁའ་དབྱིངས་ལ་རོལ་བཞིན། །གཞན་ཕན་སྤྱོད་པའི་དྲི་བསུང་འབུམ་དུ་འཕྲོ། །ཐབས་ཤེས་མི་ཕྱེད་རྡོ་རྗེ་ཐེག་མཆོག་གི །རིམ་གཉིས་བདུད་རྩིས་མྱོས་པའི་ཐུགས་གསང་ཆེ། །གྲུབ་གཉིས་བསམ་འཕེལ་ནོར་བུའི་ཕྲེང་བ་ཡིས། །འདོད་དགུར་བརྒྱན་པའི་རྒྱལ་ཐབས་རྨད་དུ་བྱུང་། །གྲངས་མེད་ཚོགས་གཉིས་དཀའ་ཐུབ་མིག་འཕྲུལ་ལྟར། །སྡོམ་བྱེད་བདེ་བའི་ཐབས་མཆོག་བདེ་བ་ཆེ། །ཕྲ་རགས་རླུང་སེམས་ཁམས་ཀྱི་ལས་རུང་གིས། །བདེ་བླག་མངོན་དུ་གྱུར་བའི་གྲུབ་མཆོག་ཁྱོད། །ས་ར་ཧ་དང་པདྨ་བཛྲ་སོགས། །གྲུབ་བརྒྱའི་ཁྱུ་མཆོག་ཉིད་དུ་གྲགས་རྣམས་དང་། །གྲུབ་པའི་མངོན་རྟོགས་མཉམ་པ་ཉིད་གྱུར་པའི། །གྲུབ་པའི་དཔའ་བོར་གདོན་མི་ཟ་བར་གྲུབ། །ད་ལྟ་ན་ཡང་བསྟན་པ་རིན་པོ་ཆེར། །དགོངས་ཏེ་བཀའ་གདམས་གཙང་མའི་ཕྱག་བཞེས་ཀྱིས། །ཐུབ་བསྟན་སྐྱོང་བའི་རྣམ་ཐར་ཁོ་ན་ལས། །སྨྱོ་སྤྱོད་གྲུབ་པའི་ཟོབ་ཀྱང་ཁྱོད་མི་མཛད། །རྒྱུད་ལྔའི་ལམ་ལ་ངེས་མེད་འགྲོ་བ་ཡི། །ཉམ་ཐག་སེམས་ཅན་དམུ་རྒོད་མང་པོ་ཡང་། །དངོས་བརྒྱུད་འཕྲིན་ལས་དོན་ཡོད་འཕྲུལ་ཞགས་ཀྱིས། །བཟུང་ནས་རྣམ་གྲོལ་གླིང་དུ་འདྲེན་པར་མཛད། །བློ་ཆེན་འཕགས་པའི་ཡེ་ཤེས་སྒྱུ་མ་ཉིད། །གསུམ་ལྡན་སྡོམ་བརྩནོ ་དགེ་སྦྱོང་ལ་བརྫུས་པའི། །འགྲོ་འདུལ་རྒྱལ་བའི་གསང་བ་ནམ་མཁའི་མཐའ། །ཇི་བཞིན་འཇལ་བའི་བློ་ནུས་ག་ལ་ཞིག། །དེ་ལྟ་ན་ཡང་དད་པའི་མཆོད་སྡོང་ལ། །ངེས་ཤེས་གཟི་འོད་ཕྱི་ཕྱིར་འབར་བའི་སླད། །ཉུང་ངུའི་ཚིག་གིས་བསྟོད་པའི་བྱི་དོར་འདི། །རྗེ་བཙུན་ཆོས་ཀྱི་རྒྱལ་པོས་དགྱེས་དགོངས་ལ། །སྨིན་གྲོལ་ཨ་མྲྀ་ཏས་བཀང་ཀ་ལ་ཤས། །སྐྱེ་ཞིང་སྐྱེ་བར་མངོན་པར་དབང་བསྐུར་ཏེ། །བློ་བཟང་རྒྱལ་བསྟན་ དྲི་མ་མེད་པའི་མཛོད། །འདོད་དགུར་འབྱེད་པའི་མཆོག་སྦྱིན་སྩལ་དུ་གསོལ། །རིས་མེད་ཐུབ་བསྟན་འོ་མའི་བཏུང་བ་མཆོག། །དྲི་མེད་རིགས་པས་ཉིང་ཁུར་བྱས་པ་ཡིས། །ཆོས་མཆོག་ཞུན་མར་གསེར་སྦྱང་བཙོ་མའི་སྤུན། །གཡོ་མེད་འཇིག་རྟེན་རྒྱན་དུ་གནས་གྱུར་ཏེ། །སྐྱེས་བུ་གསུམ་གྱི་ལམ་གྱི་ཐེམ་སྐས་ལས། །མངོན་མཐོ་ངེས་ལེགས་རིན་ཆེན་གཞལ་མེད་ཆེ། །དོན་གཉིས་འབྱོར་བས་མཛེས་པའི་ཁང་བཟང་དེར། །བདག་དང་མ་རྒན་འགྲོ་རྣམས་དབུག་དབྱུང་ཤོག ། 

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།