སྒྲོལ་བསྟོད་སྣ་ཚོགས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-03-31 12:05:06     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

ན་མོ་གུ་རུ་ཨཱརྱ་ཏཱ་རེ་ཡཱ། །དཔལ་ལྡན་བླ་མ་མཆོག་དང་དབྱེར་མེད་པའི། །སྲིད་ཞིའི་འཇིགས་སྒྲོལ་ཨཱརྱ་ཏཱ་རེའི་ཞབས། །ཁྱེད་མིན་གཞན་དུ་སྡུག་བསྔལ་གྲོང་ཁྱེར་འདིར། །ཉམ་ཐག་རེ་ལྟོས་འཆའ་བའི་མགོན་སྐྱབས་སུ། །དེ་ཕྱིར་དེང་ནས་ཚེ་རབས་ཐམས་ཅད་དུ། །བསླུ་མེད་སྐྱབས་སུ་བསྟེན་དེ་གསོལ་འདེབས་ན། །རྒྱལ་བའི་འབྱུང་གནས་ཇི་ལྟར་བསྐྱངས་བ་བཞིན། །ཉམ་ཐག་བདག་ཀྱང་ཐུགས་ཀྱིས་སྐྱོངས་ཤིག་གུ། །དལ་འབྱོར་རིན་ཆེན་སྒྲོམ་དུ་བཟུང་བའི་བཅུད། །ཆོས་ཀྱི་ཉིང་ཁུ་སྡོམ་གསུམ་ཨ་མྲྀ་ཏ། །འགལ་རྐྱེན་སྙིགས་མ་ལྔ་ཡི་མི་བརྫི་བར། །ཚེ་མཐར་ཐུག་པའི་བྱིན་རླབས་མཆོག་སྦྱིན་མཛོད། །འདི་ནས་འཕོས་ཚེ་ཡིད་དགའ་ཆོས་འཛིན་དུ། །རྗེ་བཙུན་བླ་མ་འཇམ་དཔལ་སྙིང་པོའི་དྲུང། །སྐྱེས་ནས་ཐེག་མཆོག་ཆོས་སྒོ་མང་ནོད་དེ། །རླབས་ཆེན་བྱང་ཆུབ་སྤྱོད་ལ་འཇུག་ནུས་ཤོག། །།

 དུས་གསུམ་སངས་རྒྱས་ཀུན་གྱི་འཕྲིན་ལས་གཟུགས། །འཇིགས་བརྒྱད་ལས་གྲོལ་བླ་མ་རྗེ་བཙུན་མ། །རང་སེམས་དྭངས་བའི་ངོ་བོར་ལེགས་བཀོད་ཏེ། །གསོལ་བ་འདེབས་སོ་འཕགས་མའི་ཐུགས་རྗེས་གཟིགས། །ཚེ་དང་ཆོས་ལ་བར་ཆད་མི་འབྱུང་ཞིང། །ཚུལ་ཁྲིམས་རྣམ་དག་ཐོས་བསམ་སྒོམ་གསུམ་གྱིས། །དལ་བའི་རྟེན་བཟང་དོན་དང་ལྡན་པ་ཡི། །འཕགས་མ་ཇི་བཞིན་དོན་གཉིས་ལྷུན་གྲུབ་ཤོག  

ན་མོ་གུ་རུ། །གང་མཚན་ཏཱ་རེའི་རིགས་སྔགས་མེ་ལྕེས་ཀྱང། །འཇིགས་བརྒྱད་བུད་ཤིང་ཐལ་བར་བརླག་བྱེད་ན། །རྒྱལ་ཡུམ་ཁྱོད་ལ་སྒྲོལ་མར་ཞིང་ཀུན་ཏུ། །གྲགས་པ་དོན་ལྡན་ཡིན་སྙམ་བདག་ཡིད་འཕྲོག། །སྐུ་ནི་སྔོ་ལྗང་མར་གད་ལྗོན་པའི་ངོས། །མཚན་གྱི་ཡལ་ག་སོ་གཉིས་རེ་རེ་ལ། །འཁྱུད་པའི་དཔེ་བྱད་མེ་ཏོག་ཆེས་བཀྲ་བས། །ཚུལ་འདིས་མིག་གི་བདུད་རྩིར་དེང་མཛོད་ཅིག། །།

གསུང་མཆོག་དམ་ཆོས་སྦྲང་རྩི་བྱེ་བའི་རོ། །ཚངས་དབྱངས་གདངས་རེ་བཞིན་དུ་རབ་རྫོགས་པའི། །ངེས་ལེགས་གླིང་དུ་སྐལ་ལྡན་འཁྲིད་པའི་གཏམ། །བདག་གི་རྣ་བའི་བཅུད་དུ་དེང་མཛོད་ཅིག །འགྱུར་མེད་ཐུགས་ཀྱི་ཐིག་ལེར་རྣམ་ཀུན་ཏུ། །གཉིས་སྣང་རྟོག་པའི་གྲ་ཟུར་ཡོངས་བྲལ་ཏེ། །ཆོས་དབྱིངས་དགའ་མར་རོལ་བའི་བདེ་བ་ཆེ། །ཤས་ཙམ་བདག་ལ་བགོ་བཤའ་ཉིད་དུ་མཛོད། །འཕྲིན་ལས་ཇི་སྲིད་སྲིད་པ་མ་སྟོང་བར། །སེམས་ཅན་ཁམས་ལ་ལ་ལ་ཙམ་མིན་པར། །འཇུག་པའི་འཕགས་མ་མ་དང་འདྲ་བ་ཀྱེ། །བདག་ལ་དངོས་གྲུབ་གྲུབ་གཉིས་མཆོག་སྩོལ་ཅིག ཅེས་པ་དང་རྗེ་བཙུན་འཕགས་མ་སྒྲོལ་མའི་དོན་བསྟོད་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་འདི་ཡང་རིག་གནས་པ་དྷརྨ་རི་ཧྭས་བསྐུལ་ངོར་ཆོས་གཟུགས་སྨྲ་བ་དྷརྨ་སཱ་རས་བྲིས་པས་འཕགས་མའི་བྱིན་རླབས་རྒྱུད་ལ་འཇུག་པའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ། །།

མཐོན་མཐིང་སྐྲ་ཡི་ལྕང་ལོའི་ཟར་བུ་ལ། །ཨུཏྤལ་ཚོམ་བུ་བརྒྱུས་པའི་རྒྱན་ལྡན་པའི། །རྗེ་བཙུན་ལྷག་པའི་ལྷ་མོ་ད་ཙམ་ན། །འཛུམ་ལྡན་བཞིན་གྱི་ཟླ་བ་མི་ངོམས་སམ། །གསོལ་འདེབས་བུ་ཆུང་ཉམ་ཐག་བདག་འདྲས་ཀྱང། །བརྩེ་ལྡན་ལྷ་མོར་ཕྱི་ཐག་མི་བསྟུང་ན། །འགྲོ་ཀུན་བུ་ལྟར་དགོངས་པའི་རྗེ་བཙུན་མ། །ཁྱེད་ཀྱིས་ཅིའི་ཕྱིར་བདག་ལ་ཕྱི་ཐག་བསྟུང། །ཁྱོད་མཚན་རིགས་སྔགས་ཐོས་པའི་མེ་ལྕེས་ཀྱང། །སྡུག་བསྔལ་འཁྱག་རིམ་རྨེག་མེད་བཅིལ་གསུང་ན། །རྩེ་གཅིག་ཡིད་ཀྱི་ཟེའུ་འབྲུར་ཁྱོད་བཀོད་ནས། །གསོལ་འདེབས་སྦྲང་ཆུང་གླུ་དབྱངས་མི་གསན་ནམ། །ཀྱེ་ཀྱེ་འཕགས་མ་འཇིགས་པ་བརྒྱད་སྐྱོབས་མ། །འཇིགས་རུང་སྐྱེ་འཆི་ན་རྒས་གཅོང་རོང་འདིར། །ལས་ཀྱི་ཞགས་པས་དམ་དུ་བཅིང་བའི་མདུད། །འཁྲོལ་ལ་གཡུ་ལོ་བཀོད་པར་འཁྲིད་དུ་གསོལ། །གནས་སྐབས་སུ་ཡང་དམ་ཆོས་ནོར་བུའི་ཁུར། །ཕྱུར་བུར་སྤུང་བའི་ཚེ་ཡི་ཤིང་རྟའི་འགྲོས། །ཆད་མེད་ཆུ་ཀླུང་བཟང་པོའི་རྒྱུན་བཞིན་དུ། །མཐར་གྱི་གཞོལ་ཏེ་ནམ་ཞིག་འཆི་བའི་ཚེ། །འཕགས་མ་ཁྱེད་སྐུ་ཉིན་བྱེད་འཆར་ཁའི་གཟི། །ཡིད་ལ་ལམ་མེར་གསལ་བའི་དྲན་རིག་འགྲོས། །རྒྱལ་ཡུམ་ཁྱོད་ཐུགས་སྤྲོས་མེད་བདེ་བ་ཆེ། །འོད་གསལ་ནམ་མཁའི་ལྷུམས་སུ་ཞུགས་གྱུར་ཅིག། ཅེས་པ་འདི་ཡང་བར་སྐབས་སུ་ཡིད་ལ་ཤར་བ་ལྟར་རྗེ་བཙུན་མ་ལ་གསོལ་འདེབས་བྱས་པ་སིདྡྷི་རསྟུ། དྷརྨ་སཱ་རས་སོ།། །།  

གང་མཚན་རིགས་སྔགས་རྣོན་པོའི་མེ་ལྕེའི་དབལ། །དྲན་པ་ཙམ་གྱིས་བདུད་སྡེའི་བུད་ཤིང་འབུམ། །བསྲེག་མཛད་ལྷག་པའི་ལྷ་མོ་ཁྲོ་གཉེར་ཅན། །གསོལ་འདེབས་བུ་ལ་ཐུགས་རྗེས་ཅིའི་མི་དགོངས། །འཇིགས་ཆེན་བཅུ་དྲུག་རབ་རྔམས་སྤྲིན་ནག་རུམ། །ཚེ་བསོད་འོད་སྣང་ཡིབ་པའི་རྒུད་པ་ལ། །ཞི་བསིལ་ཕྲིན་ལས་རླུང་གི་སྐྱབས་སྦྱིན་མ། །དེང་འདིར་གདུང་བའི་འབོད་དོ་ཐུགས་རྗེས་དགོངས། །སྔར་ཞིག་ཁྱོད་མཚན་དྲན་པའི་ཕན་ཡོན་འབུམ། །ཆེས་སྙིགས་འདིར་ཡང་ཉམས་པ་མེད་པའི་འབྲས། །ཐུགས་རྗེས་འཁྲི་ཤིང་དཔལ་གྱིས་བཟུང་ངོ་ཞེས། །ཐོས་པའི་ལྷག་པར་སྨྲེ་སྔགས་འབོད་དོ་ཀྱེ། །མ་ཅིག་ཁྱོད་ཀྱི་བུ་ངན་བདག་གི་ཚུལ། །མཁྱེན་བཞིན་ལགས་ཀྱང་འོ་དོད་ཀྱིས་གསོལ་ན། །རྨོངས་ཆེན་གདོན་གྱི་དབང་མེད་བཟུང་བ་ཡིས། །ཀུན་འབྱུང་གཟེབ་ཏུ་ཆུད་པའི་ཤིན་ཏུ་སྐྱོ། །སྡུག་བསྔལ་ཉེ་བར་ལེན་པའི་རང་གཟུགས་འདི། །མཐོ་རིས་གྲོང་ན་སྤྱོད་པའི་ཁུལ་ལགས་ཀྱང། །མི་འདོད་དུ་མས་གཙེས་པའི་གནས་སྐབས་ལ། །བདག་ལ་འཕགས་མ་ལས་གཞན་གཏད་སོ་ཅི། །ཆོས་བརྒྱད་གཉེན་ལྕུག་བུ་མོའི་ལག་པ་ལ། །དམ་དུ་འཁྱུད་པའི་ཆགས་ཅན་བདག་ལ་སོགས། །ངན་སོང་གཡང་སར་ལྷུང་ལ་ཁད་ཉེ་བས། །འཕགས་མའི་སྐྱབས་སྦྱིན་ཕྱག་རྒྱ་སྤྱི་བོར་ཞོག །འཁྲུལ་གཟུགས་ཕྱི་རུ་ཤར་བའི་གདོན་ཆེན་པོ། །ཚེ་ཆོས་དཔལ་ལ་རྒོལ་བ་ཆེས་མང་ཡང། །ཏཱ་རེའི་རིགས་སྔགས་ཟློས་པའི་བསིལ་གྲིབ་ལས། །གབ་ས་གཞན་མེད་འཕགས་མ་བརྩེ་ལྡན་མ། །ལུང་རིགས་ལང་ཚོས་སྒེག་པའི་ཤེར་ཕྱིན་མར། །རྩེ་འདོད་དབེན་པར་དགའ་བའི་འདོད་པའི་དངོས། །གྲུབ་པའི་མཐུན་གྲོགས་ཁྱེད་ལ་ གུས་བཅོལ་གྱི། །ཐུགས་རྗེས་མྱུར་དུ་སྐྱོངས་ཤིག་མྱུར་མ་ཀྱེ། །མདོར་ན་ཨ་ཏི་ཤ་དང་འབྲོམ་ཉི་སྦས། །ཐུགས་རྗེས་བཟུང་བཞིན་བདག་ཀྱང་བྱང་ཆུབ་བར། །འབྲལ་མེད་རྗེས་སུ་སྐྱོངས་ཞེས་གསོལ་འདེབས་བུར། །ཡལ་བར་མ་འདོར་འཕགས་མ་རྗེ་བཙུན་མ། ཞེས་གློ་བུར་དུ་མྱུ་གུས་གང་ཤར་གསོལ་བ་བཏབ་པའོ།། །།

བསླུ་མེད་ཐུགས་རྗེས་བྱིན་རླབས་མཐའ་ཡས་པའི། །བླ་མ་མཆོག་གསུམ་སྤྱི་དང་ཁྱད་པར་དུ། །འཇིགས་པ་བརྒྱད་སྐྱོབས་རྗེ་བཙུན་སྒྲོལ་མའི་ཞབས། །ཁྱེད་ལས་རེ་ས་གཞན་མེད་ཐུགས་རྗེས་ཟུངས་། །གཞན་དབང་ལས་ཀྱིས་རྦ་རླབས་བརྒྱས་འཁྲུགས་པའི། །སྙིགས་མ་ལྔ་བདོའི་འཁོར་བའི་མཚོ་ཆེན་འདིར། །ཉམ་ཐག་བདག་གི་གསོལ་འདེབས་རིགས་སྔགས་མཐུས། །མངོན་གྱུར་བདེན་པའི་སྐྱོང་ཤིག་སྙིང་རྗེས་གཏེར། །ཚེ་དང་ལོངས་སྤྱོད་མཐོ་རིའི་དགའ་བདེའི་དཔལ། །འཕྲོག་པའི་མི་སྲུན་བགེགས་རིགས་སྤྱི་དང་དགོས། །ཕྲ་མིན་ཤ་ཟའི་ཉེར་འཚེ་ཀུན་སྲུངས་ཏེ། །འཇིགས་བྲལ་སྐྱབས་སྦྱིན་ཕྱག་རྒྱ་སྤྱི་བོར་བཞག། །ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ་ཞིང་རྒྱས། །བསམ་པའི་དོན་འགྲུབ་བདེ་སྐྱིད་ཆོས་དང་ལྡན། །འདི་སྣང་འགག་ཚེ་ཞིང་མཆོག་གཡུ་ལོ་བཀོད། །མངོན་སུམ་འཕགས་མའི་ཞིང་དུ་སྐྱེ་བར་ཤོག ཅེས་པ་འདིའང་དྷརྨ་སཱ་རས་སྨྲས་པ་དགེ་ལེགས། བཀྲ་ཤིས། མངྒ་ལཾ། ཨོཾ་འཇིགས་པ་བརྒྱད་སྐྱོབས་རྗེ་བཙུན་མའི། །ཕྱོགས་སུ་འགྲོ་བའི་ལམ་ལྷ་མཛོད། །དོན་གཉིས་ཆོས་འགྲུབ་ལམ་བདེ་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག། དྷརྨ་སཱ་རས་སོ།། །།

ན་མོ་གུ་རུ། དཀོན་མཆོག་རིན་ཆེན་རྣམ་པ་ཀུན། །མི་ཟད་ཐུགས་རྗེ་བྱིན་རླབས་དཔྱིད། །དྲན་པས་དགྲ་དཔུང་འཇོམས་མཛད་པ། །ཁྱོད་ལ་སྐྱབས་སུ་མཆི་ལགས་ཀྱི། །ལུས་དང་ལོངས་སྤྱོད་ལ་སྡང་བའི། །དགྲ་ཇག་ཆོམ་པོའི་འཇིགས་པ་ལས། །བརྩེ་བས་སྐྱོབས་ཤིག་ཐུགས་རྗེའི་གཏེར། །འཇིགས་ཆེན་བརྒྱད་དང་བཅུ་དྲུག་སོགས། །སྒྲོལ་མཛད་འཕགས་མ་སྒྲོལ་མའི་ཞབས། །དྲན་པས་དགྲ་དཔུང་འཇོམས་མཛད་མ། །ཁྱོད་ལ་སྐྱབས་སུ་མཆི་ལགས་ཀྱི། །ལུས་དང་ལོངས་སྤྱོད་ལ་སྡང་བའི། །དགྲ་ཇག་ཆོམ་པོའི་འཇིགས་པ་ལས། །བརྩེ་བས་སྐྱོབས་ཤིག་ཐུགས་རྗེའི་གཏེར། །གང་གིས་གསོལ་བ་བཏབ་ན་ཡང་། །འཆི་བདག་གཡུལ་ལས་རྒྱལ་བྱེད་པའི། །ལྷག་པའི་ལྷ་མོ་རྣམ་རྒྱལ་མ། །ཁྱོད་ལ་སྐྱབས་སུ་མཆི་ལགས་ཀྱི། །ལུས་དང་ལོངས་སྤྱོད་ལ་སྡང་བའི། །དགྲ་ཇག་ཆོམ་པོའི་འཇིགས་པ་ལས། །བརྩེ་བས་སྐྱོབས་ཤིག་ཐུགས་རྗེའི་གཏེར། །གང་གི་མཚན་ཙམ་བོས་པས་ཀྱང་། །དགྲ་སྡེའི་འཇིགས་པ་འཇོམས་མཛད་པའི། །ལྷ་མོ་ཆེན་མོ་འོད་ཟེར་ཅན། །ཁྱོད་ལ་སྐྱབས་སུ་མཆི་ལགས་ཀྱི། །ལུས་དང་ལོངས་སྤྱོད་ལ་སྡང་བའི། །དགྲ་ཇག་ཆོམ་པོའི་འཇིགས་པ་ལས། །བརྩེ་བས་སྐྱོབས་ཤིག་ཐུགས་རྗེའི་གཏེར། །གང་ལ་སྐྱབས་སུ་སོང་བ་ཡིས། འཇིགས་སྐྲག་སྡུག་བསྔལ་ཀུན་སེལ་བའི། །ལྷ་མོ་གཙུག་ཏོར་གདུགས་དཀར་ཅན། །ཁྱོད་ལ་སྐྱབས་སུ་མཆི་ལགས་ཀྱི། །ལུས་དང་ལོངས་སྤྱོད་ལ་སྡང་བའི། །དགྲ་ཇག་ཆོམ་པོའི་འཇིགས་པ་ལས། །བརྩེ་བས་སྐྱོབས་ཤིག་ཐུགས་རྗེའི་གཏེར། །ལྷག་པའི་ལྷ་མོ་ཁྱེད་བཞི་ཡིས། །དགྲ་ཇག་ཆོམ་རྐུན་ཞི་བར་མཛོད། །ཉིན་མཚན་ཀུན་ཏུ་སྲུང་དུ་གསོལ། །རྟག་ཏུ་ཐུགས་རྗེས་བསྐྱབ་ཏུ་གསོལ།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།