རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་བསྟོད་ཅིང་འདོད་དོན་ཞུ་བ་རིན་པོ་ཆེ་བདུན་གྱི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-03-31 12:00:51     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

ན་མོ་གུ་རུ། སྒྲིབ་བྲལ་ཆོས་དབྱིངས་ཀྱི་རིན་ཆེན་དང་པོ་ཡི་ཁམས་ལས། །གསང་གསུམ་བྱིན་རླབས་ཀྱི་རྩིབས་སྟོང་ཕྱོགས་བརྒྱ་རུ་བཀོད་དེ། །འགྲོ་ཀུན་འཇིགས་བརྒྱད་ཀྱི་མི་མཐུན་གཡུལ་ངོ་ལས་སྒྲོལ་བའི། །རྗེ་བཙུན་ཕྲིན་ལས་ཀྱི་ལྷ་མོའི་ཐུགས་རྗེ་ཡིས་དགོངས་ལ། །སྙིང་སྟོབས་ཆེན་པོ་ཡི་ལེགས་སྨོན་བསོད་ནམས་ཀྱི་མཐུ་ལས། །ཟབ་གསང་ཟུང་འབྲེལ་གྱི་གསེར་སྦྱངས་བཙོ་མ་ཡི་དངོས་པོ། །འཁྲུལ་བྲལ་དགེ་ལྡན་གྱི་བསྟན་པའི་འཁོར་ལོ་རུ་གྲུབ་པའི། །ཆོས་ཀྱི་རྒྱལ་སྲིད་འདི་མི་ཉམས་བརྟན་པ་རུ་མཛོད་ཅིག། །ཕྱག་མཆོད་དར་དཀར་ཀྱི་ཤམ་བུ་ལྷབ་ལྷུབ་ཏུ་གཡོ་བའི། །དད་གུས་རྒྱལ་མཚན་གྱི་རྩེ་ལ་ཡིད་ཙམ་ཞིག་གསོལ་བས། །མངོན་མཐོ་ངེས་ལེགས་ཀྱི་ཟོང་བརྒྱ་ཆར་ལྟར་དུ་འབེབ་མཛད། །རྗེ་བཙུན་ཕྲིན་ལས་ཀྱི་ལྷ་མོའི་ཐུགས་རྗེ་ཡིས་དགོངས་ལ། །ཟབ་ཡངས་མཁྱེན་བརྩེ་ཡི་རྒྱ་མཚོ་བསྲུབས་པ་ལས་བྱུང་བའི། །འབུམ་ཕྲག་ལུང་རིགས་ཀྱི་འོད་འབར་ལུགས་བཟང་གི་ནོར་བུ། །མཁས་བཙུན་བཟང་གསུམ་གྱི་དངོས་དགུ་ལག་རྩེ་རུ་སྦྱིན་པའི། །ཆོས་ཀྱི་རྒྱལ་སྲིད་འདི་མི་ཉམས་བརྟན་པ་རུ་མཛོད་ཅིག། །རིན་ཆེན་མར་གད་ཀྱི་འཁྲི་ཤིང་དབང་སྔོན་གྱིས་ བྱུགས་བཞིན། །འདོད་པའི་སྒྱུ་རྩལ་གྱིས་གཡོ་ལྡན་ཟུར་མིག་གི་ལྕགས་ཀྱུས། །རྒྱལ་རྣམས་བདེ་ཆེན་གྱི་མགྲོན་ལ་དབང་མེད་དུ་འགུག་པའི། །རྗེ་བཙུན་ཕྲིན་ལས་ཀྱི་ལྷ་མོའི་ཐུགས་རྗེ་ཡིས་དགོངས་ལ། །ཟབ་དོན་ལུས་ཕྲ་ཡི་འཇོ་སྒེག་མིག་འཕྲུལ་ལྟར་རྩེ་བཞིན། །རྟེན་འབྲེལ་མུ་ཏིག་གི་དོ་ཤལ་མགྲིན་པ་རུ་འཕྱངས་པས། །མཛངས་མཁས་ཤེས་རབ་ཀྱི་བཙུན་མོ་འགྲན་ཟླ་དང་བྲལ་བའི། །ཆོས་ཀྱི་རྒྱལ་སྲིད་འདི་མི་ཉམས་བརྟན་པ་རུ་མཛོད་ཅིག། །སྲིད་པའི་གྲོང་ཁྱེར་འདིའི་ལུས་ཅན་མཐའ་དག་གི་ཁམས་དབང། །མངོན་པར་ཤེས་པ་ཡི་གང་འདུལ་རྒྱལ་ཐབས་ཀྱི་སྤྱོད་པས། །སྲས་བཅས་རྒྱལ་རྣམས་ཀྱི་བཞེད་དགུ་རང་དབང་དུ་སྐོང་པའི། །རྗེ་བཙུན་ཕྲིན་ལས་ཀྱི་ལྷ་མོའི་ཐུགས་རྗེ་ཡིས་དགོངས་ལ། །གཞུང་ལུགས་ལེགས་བཤད་ཀྱི་ལྡེའུ་མིག་རེ་རེ་ཡི་འཕྲུལ་གྱིས། །དྲང་ངེས་གསུང་རབ་ཀྱི་མཛོད་བརྒྱ་ཚེགས་མེད་དུ་ཕྱེས་ཏེ། །དམ་ཆོས་དགའ་སྟོན་ལ་སྦྱོར་བའི་ལུགས་བཟང་གི་བློན་པོ། །ཆོས་ཀྱི་རྒྱལ་སྲིད་འདི་མི་ཉམས་བརྟན་པ་རུ་མཛོད་ཅིག། །ཐེག་གསུམ་གདུལ་བྱ་ཡི་རེ་འདོད་རྣམ་བྱང་གི་ནོར་བུ། །སྲིད་པའི་ཕྱི་མཐའ་རུ་མི་འཛད་གཞན་དོན་གྱི་ཁུར་ཆེན། །ནམ་ཡང་ལྷོད་མེད་དུ་འཁྱེར་བའི་བརྩེ་ཆེན་གྱི་དབང་ཕྱུག །རྗེ་བཙུན་ཕྲིན་ལས་ཀྱི་ལྷ་མོའི་ཐུགས་རྗེ་ཡིས་དགོངས་ལ། །ཕྱིན་དྲུག་རིན་ཆེན་གྱི་རྒྱན་ཆ་ཉིལ་ཉིལ་དུ་བསྐྱོད་པའི། །སེམས་མཆོག་ཐལ་དཀར་གྱི་གླང་པོ་ཅི་བདེ་རུ་ཞོན་ཏེ། བསྡུ་བཞིའི་སྣ་ཞགས་ཀྱིས་ལུས་ཅན་དབང་མེད་དུ་སྡུད་པའི། །ཆོས་ཀྱི་རྒྱལ་སྲིད་འདི་མི་ཉམས་བརྟན་པ་རུ་མཛོད་ཅིག། །ཕྲིན་ལས་ཉེར་བདུན་གྱི་བགྲོད་པའི་ས་གསུམ་གྱི་ཁྱོན་འདི། །སྐད་ཅིག་སྐད་ཅིག་ལ་མི་འགྱང་ཉུལ་བ་ཡི་མྱུར་མ། །རྒུད་པའི་དགྲ་ཚོགས་ཀུན་རྨེག་མེད་གཞོམ་བྱེད་ཀྱི་དཔའ་མོ། །རྗེ་བཙུན་ཕྲིན་ལས་ཀྱི་ལྷ་མོའི་ཐུགས་རྗེ་ཡིས་དགོངས་ལ། །རིམ་གཉིས་ནོར་བུ་ཡི་སྒ་ཆས་ཇི་འདོད་དུ་བཀོལ་བའི། །ཐེག་མཆོག་ཅང་ཤེས་ཀྱི་རྟ་འདིས་ཚེ་ཐུང་འདིའི་ཡུན་ལ། །སྐུ་གསུམ་འོག་མིན་གྱི་ཁང་བཟང་མཐོན་པོ་རུ་དཀྲི་བའི། །ཆོས་ཀྱི་རྒྱལ་སྲིད་འདི་མི་ཉམས་བརྟན་པ་རུ་མཛོད་ཅིག། །མི་མཐུན་སྒྲིབ་གཉིས་ཀྱི་དགྲ་ལས་དུས་རིང་ནས་རྒྱལ་ཡང། །རྒྱལ་ཐབས་ལས་བཞི་ཡི་བ་དན་ས་ཆེན་འདིར་འཛུག་ཕྱིར། །རྗེས་ཆགས་ཁྲོ་གཉེར་གྱི་རང་མདངས་དམུ་རྒོད་ལ་ངོམས་པའི། །རྗེ་བཙུན་ཕྲིན་ལས་ཀྱི་ལྷ་མོའི་ཐུགས་རྗེ་ཡིས་དགོངས་ལ། །ཟབ་གསལ་རིགས་ལམ་གྱི་མཚོན་ཆ་རྣོ་ངར་དང་ལྡན་པས། །བསྟན་ལ་ཐན་སྐྱེལ་གྱི་ཕས་རྒོལ་དགྲ་སྡེ་ཀུན་བརླག་ཕྱིར། །དགག་སྒྲུབ་དཔུང་ཚོགས་ཀྱི་སྒྲ་ཆེན་འབྲུག་སྒྲ་ལྟར་སྒྲོགས་པའི། །ཆོས་ཀྱི་རྒྱལ་སྲིད་འདི་མི་ཉམས་བརྟན་པ་རུ་མཛོད་ཅིག། །རྗེ་བཙུན་ཉིན་བྱེད་ཀྱི་དབང་མོའི་བྱིན་རླབས་ཀྱི་བདེན་པས། །བདེ་སྐྱིད་སྦྲང་རྩི་ཡི་དྲི་བསུང་ཕྱོགས་བརྒྱ་རུ་འཐུལ་པའི། །ཐུབ་བསྟན་སྐྱེད་ཚལ་གྱི་རྒྱན་གཅིག་དགེ་ལྡན་གྱི་པདྨ། །མི་ཉམས་དམ་ཆོས་ཀྱི་དོགས་པས་ལུས་ཅན་ཀུན་གསོས་ཏེ། །སྲིད་པ་མིང་མེད་དུ་མ་གྱུར་དེ་སྲིད་ཀྱི་བར་དུ། །ཕ་མ་ཉམ་ཐག་གི་འགྲོ་དྲུག་སེམས་ཅན་གྱི་ཁམས་ལ། །ཆོས་མཆོག་བདུད་རྩི་ཡི་བགོ་བཤའ་ཡང་ནས་ཡང་འགྱེད་དེ། །བྱང་ཆུབ་ཆེན་པོ་རུ་དབུགས་དབྱུང་བདེ་བླག་ཏུ་མཛོད་ཅིག ཅེས་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་བསྟོད་ཅིང་འདོད་དོན་ཞུ་བ་རིན་པོ་ཆེ་བདུན་གྱི་འཁྲི་ཤིང་ཞེས་བྱ་བ་འདི་ནི། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཆེན་པོ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ༧འཇམ་དཔལ་རོལ་བའི་བློ་ གྲོས་དཔལ་བཟང་པོའི་ཞབས་པད་སྤྱི་བོར་ཐོབ་པས། འཇམ་མགོན་རྒྱལ་བ་གཉིས་པའི་ལུགས་བཟང་ལ་དད་པ་ཅུང་ཟད་ཐོབ་པའི་རྣམ་རྒྱལ་མཁན་ཐོག་པ༧བློ་བཟང་མདོ་སྔགས་ཆོས་ཀྱི་རྒྱ་མཚོ་ཞེས་བྱ་བས། མཁས་པའི་དབང་ཕྱུག་གུང་ཐང་བསྟན་པའི་སྒྲོན་མེའི་རིག་བྱེད་མའི་བསྟོད་པའི་དགོངས་བཞེད་དང་ཚིག་གི་ལད་མོར་བྱས་ཏེ་བསྒྲིགས་པ་དེ་བཞིན་དུ་གྲུབ་པར་གྱུར་ཅིག། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།