གཟུངས་ཀྱི་རྣམ་བཤད་ལ་བསྟོད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-03-31 11:58:28     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

འཇིགས་མེད་སྤོབས་པའི་གཟི་བྱིན་ཡོངས་འབར་ཏེ། །ཐུབ་བསྟན་སྙིང་པོ་རྒྱལ་ཡུམ་མཛེས་བྱེད་དུ། །ལེགས་བཤད་འོད་བརྒྱ་འགྱེད་པའི་ཉི་མ་དེ། །ད་ལྟ་གླིང་འདིར་བཞུགས་ན་དགའ་བ་ལ། །ལན་གཅིག་བསོད་ནམས་ཤར་རིའི་རྩེ་མོ་རུ། །བློ་གྲོས་ཆ་ཤས་རྫོགས་པའི་མཁས་པའི་མགོན། །འདི་འདྲ་སྣང་མོད་སྔ་འགྱུར་པདྨོའི་ཚལ། །ཇི་དགར་ཕྱེ་བའི་དབང་མེད་ཡིད་སྐྱོའི་གནས། །རབ་འབྱམས་ཞིང་ན་རྒྱལ་སྲས་མཐའ་དག་གི །ཐེག་མཆོག་ཆོས་ཀྱི་དགའ་སྟོན་འཛད་མེད་པ། །འཛིན་པའི་ངོ་མཚར་གཞིར་གྱུར་གཟུངས་ཀྱི་རྒྱན། །ཕྱེ་བ་མཁས་རྣམས་དགྱེས་པའི་མཆོད་སྤྲིན་ཏེ། །དམ་ཆོས་ནོར་བུའི་རྒྱན་མང་ཉེར་གསོག་པའི། །བློ་ཆེན་རྒྱལ་སྲས་བྱེ་བའི་ཕྱག་བཞེས་འདི། །འབྱེད་པའི་གཏམ་སྙན་དབྱར་གྱི་རྔ་གསང་འདིས། །གཏི་མུག་གཉིད་དུ་ཡུར་རྣམས་ཅིས་མི་སད། །འདི་འདྲའི་རྒྱན་གྱིས་བློ་གྲོས་ཉེར་བརྒྱན་ཏེ། །ཐུབ་རྣམས་གསུང་རབ་སྦྲང་ཆང་ཡང་ནས་ཡང་། །གསོལ་ཏེ་མངོན་རྟོགས་ཤེ་མོང་རྫོགས་པའི་ཐུགས། །ཆོས་ཀྱི་དབྱིངས་སུ་མྱོས་ཏེ་ངོ་མཚར་ཕུལ། །ཁྱད་པར་བརྡ་ལ་བརྟེན་ནས་དོན་འཛིན་པས། །ཨ་སོགས་ཡི་གེའི་སྒོ་རེས་སྐྱེ་མེད་དོན། །འཇལ་བའི་རིགས་པའི་རྣམ་གྲངས་མཐའ་ཡས་ལས། །བཟོད་པའི་སྒོ་འབྱེད་གཟུངས་བཞིའི་གཙོ་བོ་ལ། །བཀའ་བསྟན་ལུང་གི་པདྨའི་ཕྲེང་བལྟར་ཏེ། །རིགས་ལམ་ཉིན་བྱེད་འོད་ཀྱིས་ཕྱེས་ པའི་སྐྱེས། །གསར་བཤད་ཡིད་འཕྲོག་དྲི་བཟང་འཕྲོ་བ་འདིས། །བློ་ལྡན་བུང་བའི་ཚོགས་ལ་ཡིད་དགའ་བསྐྱེད། །ཨ་ཧོ་ལེགས་བཤད་ཟློ་བའི་ལྗགས་ཡོད་ན། །ཐེག་ཆེན་ཆོས་ཀྱི་རྫིང་བུ་ཡོངས་བརྒྱན་པའི། །རྣམ་བཤད་པདྨ་གསར་བའི་གཏམ་སྙན་འདི། །ཟློས་པར་རིགས་ཞེས་བློ་གསར་ཚོགས་ལ་སྒྲོན། །ཨ་ཏིའི་རྟོགས་པའི་ལུས་རྩལ་རྒྱས་བཞེད་ནའང་། །ཨ་སོགས་གཟུངས་ཀྱི་སྒོ་ལས་ཉེར་མཚོན་ཏེ། །ཨ་དོན་སྐྱེ་མེད་མཇལ་བའི་ཚུལ་འདི་ཉིད། །ཨ་མ་ཀུན་ཏུ་བཟང་མོའི་གསང་གཏམ་ཡིན། །ཞེས་པ་ཞིག་སེམས་ལ་ཤར་བ་ལྟར། དྷརྨ་སཱ་རཿཡི་གེར་བཏབ་སྟེ་ཕུལ་བ་དགེ་ལེགས་འཕེལ།།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn

།།

བརྒྱུད་འགོད།