སྤྱོད་འཇུག་བསྟོད་པ་མནྡ་རའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-03-31 11:52:35     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  


༄༅། །ག མྦྷཱི རོ དྦ ཉྤ ཏྲཱ ནཾ།

ཟབ་དང་རྒྱ་ཆེའི་རླབས་ཆེན་སྤྱོད་པའི་ཚུལ། མུ་ནི་ཙྪ་ན་དཿཐཱ་པ་ཙ་ནཾ༎མུ ནི ཙྪ དཿ ཐཱ ནཾ། །ཐུབ་དགོངས་ཇི་བཞིན་གསལ་བར་སྟོན་པ་ལ། ཨ་པྲ་ཏི་སུ་བྷཱ་ཥཾ་མནྡ་རཿ༎ པྲ ཏི སུ བྷཱ ཥཾ ནྡ རཿ། །འགྲན་ཟླ་མེད་པའི་ལེགས་གསུང་མནྡཱ་ར། བྷ་བི་ཀཾ་དེ་བནྟྲཾ་པྟ་དེ་ཤཿ༎བྷ བི ཀཾ དེ ནྟྲཾ པྟ དེ ཤཿ། །སྐལ་བཟང་ལྷ་བརྒྱ་དགའ་བྱེད་འཇུག་ངོགས་ཡིན།

དལ་འབྱོར་གྲུ་གཟིངས་སེམས་བསྐྱེད་ནོར་བུ་ཡིས། །ཕྱུར་བུར་བཀང་བ་ཀུན་མཁྱེན་རྒྱལ་སྲིད་ལ། །མེད་དུ་མི་རུང་ཡོན་ཏན་ཆེན་པོའི་ཚུལ། །ལུང་རིགས་ཀྱིས་འདོམས་རིགས་ཀྱི་སྨན་ཆེན་ཡིན། །དག་བྱེད་ཡན་ལག་བདུན་གྱིས་ཉེར་དྲངས་ཏེ། །གཞན་ཕན་སེམས་ཀྱི་འབྱོར་བ་རླབས་ཆེན་པོས། །དོན་གཉིས་སྒྲུབ་པའི་ཐུགས་བསྐྱེད་འཁོར་ལོས་བསྒྱུར། །ཡིད་མཁར་བསུ་བ་སྔོན་མེད་དགའ་སྟོན་ཡིན། །སེམས་བསྐྱེད་ནོར་བུའི་གདེངས་ཀས་ལེགས་བརྒྱན་ནས། །བྱང་ཆུབ་སྤྱོད་པའི་མེ་ཏོག་མཛེས་པའི་ཚལ། །གཏན་དུ་བདེ་བའི་ཁང་བཟང་དེར་ཞུགས་ཏེ། །བག་ཡོད་འདོམས་པ་སྒྲུབ་ལ་བསྐུལ་བའི་ལྕགས། །དེ་ཚེ་དྲན་པའི་ར་བ་བརྟན་པོ་རུ། །སེམས་ཀྱི་རི་དྭགས་བཙུད་པས་ཕྱིན་དྲུག་རྭ། །མི་མཐུན་རྔོན་པས་མི་ཚུག་བསྲུང་པའི་ཕྱིར། །ཤེས་བཞིན་གདམས་པ་གསེར་གྱིས་ཁུག་དཀའི་སྐྱེས། །སྡང་སེམས་ཚེར་མའི་གང་བའི་ཐ་རྒོད་གཞིར། །གཞན་ཕན་བསམ་སྦྱོར་སྨན་གྱི་མྱུ་གུ་མཆོག། །སྐྱེ་བར་དཀའ་སླད་བཟོད་ལ་འདོམ་པའི་ཆུས། །བྲན་འདི་ཉམས་རྟོགས་སོ་ནམ་འགྲན་མེད་ཡིན། །ཐེག་ཆེན་གཉིས་ཀའི་རླབས་ཆེན་སྤྱོད་པའི་འགྲོས། །ཀུན་ནས་མྱུར་བའི་ཤུགས་འཆང་བརྩོན་འགྲུས་རྟ། །བཞོན་ཚུལ་མཁས་པའི་ཕྱག་བཞེས་གདམས་པ་འདིས། །ཚོགས་གཉིས་ཡངས་པའི་རྒྱ་ཁྱོན་ཡུད་ཀྱིས་གཅོད། །ཆོ་གས་བཟུང་བའི་རིན་ཆེན་སེམས་ཀྱི་ནོར། །ཆགས་མེད་ཡིད་ཀྱི་ཟ་མ་ཏོག་བཟང་པོར། །བཅུད་དུ་བླུག་པའི་སེམས་སྦྱོང་བསམ་གཏན་ལ། །རིགས་ལམ་རྣོན་པོའི་ལྕགས་ཀྱུ་འདི་ཆེས་རྨད། །ཕྱི་ནང་དངོས་སྨྲའི་བདེན་པར་སྒྲོ་བཏགས་དང་། །ལྷན་སྐྱེས་འཛིན་པའི་ཞེན་སྟངས་དྲུང་ཕྱུང་ཏེ། སྤྱོད་འཇུག་བསྟོད་པ་མནྡ་རའི་ཕྲེང་བ། དྲན་པ་ཉེར་བཞག་བཞི་ཡི་ལྷག་མཐོང་ཚུལ། །ཤེར་ཕྱིན་ཟབ་མོའི་རིགས་སྔགས་ཟླ་བྲལ་ཡིན། །རྣམ་དཀར་ཆུ་ཀླུང་སྟོང་གི་འཇུག་པ་ཀུན། །གཞན་ཕན་བསམ་པའི་ཡུར་བ་གཅིག་ཁོ་ནར། །དྲངས་ཏེ་ཀུན་མཁྱེན་དཔག་བསམ་ཤིང་སྨིན་སླད། །བསྐྱིལ་བའི་བསྔོ་བ་ཐེག་མཆོག་ཁྱད་ནོར་ཏེ། །མདོར་ན་རིང་བརྒྱུད་ཀླུ་སྒྲུབ་ལུགས་ཀྱི་སྲོལ། །ཉེར་བརྒྱུད་འཇམ་པའི་དབྱངས་ཀྱི་ཞལ་ལུང་གཉིས། །ཉམས་མྱོང་སྲང་ལ་བཅལ་བའི་ཉམས་རྟོགས་ཆེ། །ལེགས་བཤད་གཟུགས་ཀྱིས་མཇལ་དུ་ཡོད་པ་འདི། །ཀྱེ་ཀྱེ་སྐལ་བ་བཟང་ངོ་ཤེས་ལྡན་དག། །རང་རེའི་ཉམས་སུ་ལེན་དགོས་སྙིང་གི་གྲོགས། །འདི་འདྲའི་ལེགས་བཤད་གཞན་མེད་ཤེས་དགོས་ལ། །འདི་ལ་མི་འབྲལ་སྨོན་པའི་བག་ཆགས་ཞོག། །གཞན་སྡེས་སྒྲོ་བཏག་འགོག་པའི་རྟོག་གེ་ཙམ། །མ་ཡིན་བདག་ཉིད་གཅེས་པར་འཛིན་པའི་བདུད། །བརླག་བྱེད་ཐུན་མིན་རིགས་ལམ་མཚོན་རྣོན་པོ། །སྲས་བཅས་རྒྱལ་བའི་ཕྱག་མཚན་ཆེན་པོ་དེ། །འདི་ལས་འཆད་འདྲ་གཞན་ནས་མི་འབྱུང་བས། །རང་སྡེའི་འབུམ་ཕྲག་གཞུང་ལུགས་ཐམས་ཅད་ཀྱང་། །ཀུན་མཁྱེན་སྒྲུབ་པའི་ཐབས་བཟང་ཡིན་མོད་དེ། །འདི་དང་མི་མཉམ་ཆེ་བ་ཤེས་པའི་བློས། །འཁོར་བར་འཁོར་བའི་ཚེ་རབས་ཐམས་ཅད་དུ། །གཞུང་བཟང་འདི་དོན་ཡིད་ལ་བྱང་གྱུར་ཏེ། །ཐེག་ཆེན་ལམ་གྱི་གཞུང་ཤིང་སྲོང་བ་ལ། །འཇམ་དབྱངས་སྤྱན་རས་གཟིགས་དང་མཚུངས་པར་ཤོག། ཅེས་རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་གཉིས་སུ་གྲགས་པའི་ཡ་གྱལ་ངོ་མཚར་རྣམ་ཐར་བདུན་ལྡན་གྱི་རྒྱལ་སྲས་བདག་ཉིད་ཆེན་པོ་ཤནྟ་དེ་ཝའི་ཞལ་སྔ་ནས་ཀྱིས་མཛད་པའི་གཞུང་བཟང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་གྲགས་པའི་ཐེག་ཆེན་ཐུན་མོང་མིན་པའི་རིགས་ གཞུང་གསལ་ལ་རྣོ་བའི་ལེགས་བཤད་འགྲན་ཟླ་དང་བྲལ་བ་འདི་ཉིད། མཁྱེན་དཔྱོད་ཕུལ་དུ་བྱུང་བའི་མཆོག་སྤྲུལ་དམ་པ་ཐུབ་བསྟན་ཀ་དག་ཡེ་ཤེས་ལགས་ནས་རང་གི་ཐུགས་དམ་དུ་ཕྱག་རིས་མཛད་དེ་མཁས་པའི་བཟོ་རྒྱུན་གྱི་གླེགས་བམ་ངོ་མཚར་བ་བསྐྲུན་སྐབས། དད་མོས་དང་རྗེས་སུ་ཡི་རངས་པས་མཚམས་སྦྱར་ཏེ་གཞུང་མཆོག་དེ་ཉིད་ལ་བསྟོད་པའི་ཚིགས་སུ་བཅད་པ་འདི་ཉིད། ཐེག་པ་ཆེན་པོའི་ཟབ་རྒྱས་ཀྱི་གདམས་པ་མང་དུ་ཐོབ་ཀྱང་རྒྱུད་ལ་མ་འབྱོར་བའི་ཆོས་ཀྱི་སྤྲང་བན་དྷརྨ་སཱ་ར་ཞེས་འབོད་པས་སྙན་མོ་རི་རྣམ་རྒྱལ་དགེ་ལྡན་གྱི་རང་ཤག་དཀོན་མཆོག་གསུམ་གྱི་ལྷ་ཁང་དུ་བྲིས་པ་ཛཡནྟུ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།