དཀོན་མཆོག་གསུམ་ལ་བསྟོད་པ་གདུང་བའི་མུན་སེལ་ནོར་བུའི་ཅོད་པཎ་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2022-10-27 14:07:15     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ་གསུང་རབ།    ཀློག་ཐེངས།  


༄༅། ན་མོ་གུ་རུ་མཉྫུ་ཤྲཱི་ལ་ལི་ཏ་མ་ཏི་བྷི་ར་ཙཀྲ་སྭ་ར་སྭ་ཏྱཻ།


ཀུན་ཁྱབ་སྒྲིབ་བྲལ་དབྱིངས་དང་དབྱེར་མེད་པའི།

ཀུན་གཟིགས་ཡེ་ཤེས་རྣམ་བཞིའི་སྒྱུ་མའི་འཕྲུལ།

ཀུན་བཟང་གཟུགས་སྐུའི་ངོ་བོར་ཡོངས་ཤར་བའི།

ཀུན་འདུས་རྐང་གཉིས་མཆོག་གྱུར་དེ་ལ་འདུད།

རྟག་ཁྱབ་གཅིག་དང་དུ་མའི་སྤྲོས་པ་ལས།

ཡོངས་འདུས་ཡོད་མེད་མཚན་མ་ཉེར་ཞིའི་དབུས།

ཇི་བཞིན་བརྗོད་བྲལ་སོ་སོ་རང་རིག་ཡུལ།

རང་བཞིན་རྣམ་དག་སྟོང་པའི་དབྱིངས་དེར་འདུད།

དོན་དམ་འདུ་འབྲལ་མེད་པའི་གཤིས་ལུགས་དེར།

སྲིད་པར་སྦྱོར་བའི་ཀུན་འབྱུང་འཆིང་པ་དང་།

གཉིས་སུ་སྣང་བའི་རྟོག་པའི་བག་ཆགས་བཅས།

བཅོམ་པའི་དག་པ་གཉིས་ལྡན་དབྱིངས་ལ་འདུད།

ཆོས་ཀྱི་དབྱིངས་སུ་མཉམ་པར་བཞག་པ་ལས།

བསྐྱོད་པའི་འདུ་བྱེད་རྣམ་ཀུན་མི་དམིགས་པས།

སྟོང་ཆེན་དབྱིངས་སུ་རོ་གཅིག་ཡེ་ཤེས་བཞིའི།

བདག་ཉིད་མེ་ལོང་ཡེ་ཤེས་དེ་ལ་འདུད།

བདག་དང་གཞན་དུ་རྟོག་པ་རབ་ཞི་ཞིང་།

སྲིད་དང་ཞི་བའི་འདུ་ཤེས་མི་མངའ་བར།

བཟང་ངན་བླང་དོར་མེད་པ་ཆོས་ཉིད་བཞིན།

མངོན་བྱས་མཉམ་པ་ཉིད་དུ་གཟིགས་ལ་འདུད།

ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི

ཆོས་ཅན་རེ་རེ་བཞིན་ཡང་རང་དང་སྤྱིའི།

རྣམ་པ་མ་འདྲེས་ཀུ་ཤའི་རྩེ་མོ་ལྟར།

ཇི་སྙེད་སོ་སོར་རྟོག་པ་དེ་ལ་འདུད།

འགྲོ་ཁམས་རྒྱ་མཚོར་རང་དང་སྐལ་བ་བཞིན།

སྣ་ཚོགས་འཕྲིན་ལས་རྩོལ་མེད་འཇུག་པ་ཡི།

བདག་ཉིད་ཕན་དང་བདེ་བའི་གཏེར་གྱུར་པའི།

བྱ་བ་གྲུབ་པའི་ཡེ་ཤེས་བརྙེས་ལ་འདུད།

སྟོབས་བཅུ་མི་འཇིགས་བཞི་དང་མ་འདྲེས་སོགས།

གསང་བ་བསམ་མི་ཁྱབ་པའི་ཡེ་ཤེས་འཕྲུལ།

ཀུན་མཁྱེན་གྱིས་ཀྱང་བརྗོད་པའི་མཐའ་བྲལ་བའི།

ཡེ་ཤེས་ཆོས་ཀྱི་སྐུ་ལ་དྭངས་བའི་འདུད།

སྤྲོས་བྲལ་དབྱིངས་ལ་བློ་གྲོས་དབྱེར་མེད་དུ།

འཇུག་པའི་འཕགས་མཆོག་མཐར་ཐུག་སར་འདྲེན་ཕྱིར།

ཐེག་མཆོག་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི།

ལྔ་ལྡན་གཟུགས་སྐུའི་གཙོ་བོ་དེ་ལ་འདུད།

འཕགས་པ་ཕལ་དང་སོ་སོའི་སྐྱེ་བོའི་སླད།

སྣ་ཚོགས་ཐབས་ཀྱིས་ཕན་བདེའི་མཆོག་སྦྱིན་པའི།

ཀུན་ཁྱབ་གང་འདུལ་རོལ་བ་འབྱམས་ཀླས་པ།

གྲངས་མེད་སྤྲུལ་སྐུའི་བདག་ཉིད་དེ་ལ་འདུད།

དང་པོའི་ལུས་ཅན་གཅིག་ཏུ་ཆགས་སོགས་ཀྱིས།

སྲིད་པར་བཅིངས་རྣམས་གྲོལ་བའི་ཆགས་མེད་ལམ།

སྟོན་སླད་འཁོར་བསྒྱུར་རིགས་ཀྱི་རྒྱལ་སྲིད་ཆེ།

སྤངས་པའི་དཀའ་ཐུབ་བདག་པོ་དེ་ལ་འདུད།

བུ་རམ་ཤིང་ལ་གྲོང་ཁྱེར་ལུད་གྲོགས་བཞིན།

ཐེག་ཆེན་ཆོས་ལ་ནང་བྱན་ཆུད་པ་ལ།

འཁོར་བསྒྱུར་ཆ་བྱད་འཛིན་པའི་ཆགས་བཅས་ཀྱིས།

དེར་མཐུན་ལམ་བཟང་སྟོན་པ་དེ་ལ་འདུད།

ཤིན་ཏུ་ཁམས་དབང་བསམ་པ་མཆོག་གྱུར་པར།

འདོད་ཡོན་ཆེན་པོའི་བདེ་བ་ལམ་བྱེད་སླད།

ཁ་སྦྱོར་བདེ་ཆེན་རོ་ཡིས་མྱོས་པ་ཡིས།

གསང་བའི་མཐར་ཐུག་སྟོན་པ་དེ་ལ་འདུད།

མི་སྲུན་འདུལ་ཕྱིར་ཧཱུཾ་སྒྲ་སྒྲོགས་པ་ཅན།

བ་སྤུའི་ཁུང་རེ་ལས་ཀྱང་མེ་ལྕེའི་ཕྲེང་།

འཇིག་དུས་ལྟར་འཁྲིགས་ཁྲོ་གཉེར་ངོམས་པ་ཡི།

བགེགས་འདུལ་དྲག་པོ་ཁྲོ་བོར་འཆར་ལ་འདུད།

རྡུལ་བྲལ་ཡེ་ཤེས་མཆོག་ཉིད་སྐུར་སྣང་བའི།

གཞན་དོན་མིག་གི་བདུད་རྩི་ཟླ་མེད་པ།

དག་གསལ་མཚན་དང་དཔེ་བྱད་དཔལ་འབར་བའི།

རྣམ་ཀུན་མཆོག་ལྡན་སྐུ་ཡི་གསང་བར་འདུད།

གནས་ལུགས་ཟབ་མོར་བཀྲི་བར་རུང་མིན་ལ།

དྲང་ངེས་སྒོ་བརྒྱ་འབྱེད་པའི་མཛད་པའི་མཆོག།

དྲུག་ཅུ་རྩ་བཞིའི་ཡན་ལག་རྫོགས་པའི་དབྱངས།

རྣམ་ཀུན་མཆོག་ལྡན་གསུང་གི་གསང་བར་འདུད།

སྟོང་ཉིད་རྡོ་རྗེ་བཙུན་མོར་རྗེས་ཆགས་པའི།

ཡེ་ཤེས་སྐད་ཅིག་གཅིག་གིས་ཀུན་མཁྱེན་བཞིན།

འགྲོ་ལ་ཐུགས་རྗེ་ཆེན་པོ་རྒྱུན་ཆགས་པའི།

རྣམ་ཀུན་མཆོག་ལྡན་ཐུགས་ཀྱི་གསང་བར་འདུད།

དེ་ལྟར་སྐུ་བཞིའི་བདག་ཉིད་མངོན་བྱས་ཏེ།

འགྲོ་དྲུག་འདུལ་ལ་ཉིན་མཚན་དུས་དྲུག་ཏུ།

མཁྱེན་བརྩེའི་འཕྲིན་ལས་ནམ་ཡང་མི་བསྙེལ་བའི།

དཀོན་མཆོག་རིན་ཆེན་དང་པོར་སྐྱབས་སུ་མཆི།  

དཀོན་མཆོག་གསུམ་གྱི་བསྟོད་པ་གདུང་བའི་མུན་སེལ་ནོར་བུའི་ཅོད་པཎ་ཞེས་བྱ་བ་ལས། སངས་རྒྱས་ལ་བསྟོད་པའི་སྐབས་ཏེ་དང་པོའ།ོ

གང་ཞིག་མཁའ་མཉམ་ཡོན་ཏན་ཆོས་ཀྱི་སྐུ། །

གང་གིས་བདེ་བླག་ཉིད་དུ་བསྒྲུབ་པ་ཡི།

དུས་གསུམ་འཕགས་པ་རྣམས་ཀྱི་ལམ་ཆེན་པོ།

ཆགས་བྲལ་མཆོག་གྱུར་དམ་པའི་ཆོས་ལ་འདུད།

ཉེས་སྤྱོད་འདུལ་ཞིང་སེམས་ནི་བརྟན་བྱེད་ཅིང་།

དམིགས་པ་རྣམ་པར་འབྱེད་ལ་མིག་ལྟ་བུར།

བསྔགས་པའི་རིགས་ཅན་ གསུམ་གྱི་འཇུག་ངོགས་མཆོག།

སྡེ་སྣོད་གསུམ་གྱི་ལུང་གི་ཆོས་ལ་འདུད།

དྲན་ཤེས་སྟོབས་ཀྱིས་ལེགས་པར་དུལ་བ་དང་།

རྣམ་རྟོག་ཞི་བའི་ཏིང་འཛིན་རྩེ་གཅིག་པ།

བདག་ཏུ་རྟོག་པ་ཉེར་ཞིའི་ཤེས་རབ་སྟེ།

བསླབ་གསུམ་མངོན་པར་རྟོགས་པའི་ཆོས་ལ་འདུད།

འཇིག་ཚོགས་ལྟ་བའི་རི་བོ་ལྷུན་སྟུག་པ།

ཡེ་ཤེས་རྡོ་རྗེས་བཅོམ་པའི་ཆོས་ཉིད་གཤིས།

སྡུག་ཀུན་འགོག་ཅིང་ཞི་བ་གྱ་ནོམ་པའི།

གཏན་དུ་ངེས་འབྱུང་འགོག་པའི་བདེན་པར་འདུད།

ཉེས་ཚོགས་གདོད་ནས་ཟད་པའི་དྲི་བྲལ་དབྱིངས།

གང་གིས་མངོན་སུམ་རྟོགས་པ་དེ་ཡིས་ནི།

བརྒྱད་ཁྲི་བཞི་སྟོང་དགྲ་སྡེའི་དཔུང་གནོན་པའི།

ངེས་པར་འབྱིན་བྱེད་ལམ་གྱི་བདེན་པར་འདུད།

ཁྱད་པར་རང་དང་གཞན་གྱི་དོན་ཆེན་པོ།

སྒྲུབ་བྱེད་ཟབ་དང་རྒྱ་ཆེའི་ཐེག་པ་ཆེ།

རྒྱལ་བའི་གདུང་འཚོབ་སྲས་པོ་གྲངས་མེད་པ།

རོལ་བའི་མཚོ་ཆེན་དེ་ལ་དྭངས་བས་འདུད།

བདེན་གཉིས་རྣམ་པ་མཐའ་དག་མངོན་མཁྱེན་པ།

རིགས་ཅན་གསུམ་གྱི་རེ་སྐོང་ལམ་གསུམ་ཤེས།

མཐའ་གཉིས་དག་བྱེད་ཕུང་སོགས་མཁྱེན་པ་ཡི།

ཐེག་པ་མཆོག་གི་ཤེས་བྱའི་ཆོས་ལ་འདུད།

མཁྱེན་པའི་རྣམ་པ་རྫོགས་པའི་གོ་རིམ་བཞིན།

སྒོམ་པའི་མངོན་རྟོགས་ཞི་ལྷག་ཟུང་འབྲེལ་གྱིས།

དབང་གྱུར་མི་ཕྱེད་བརྟན་པ་ཐོབ་པ་ཡི།

ཉམས་ལེན་རྒྱུ་འབྲས་སྦྱོར་བའི་ཆོས་ལ་འདུད།

ཐར་དང་ཐམས་ཅད་མཁྱེན་པར་གེགས་བྱེད་པའི།

སྒྲིབ་པ་གཉིས་པོ་རྣམ་པར་སྦྱང་པ་ལས།

དབྱིངས་དང་ཡེ་ཤེས་སྐུ་གསུང་ཐུགས་ཀྱི་དངོས།

རོ་གཅིག་འབྲས་བུ་ཆོས་ཀྱི་སྐུ་ལ་འདུད།

ལྷག་པར་ཐབས་མཁས་མཆོག་གི་གཞི་གཟུང་སྟེ།

ཚོགས་གཉིས་རྒྱ་ཆེན་སྐད་ཅིག་རེ་རེར་ཡང་།

མིག་འཕྲུལ་བཞིན་དུ་སྡུད་པའི་མྱུར་ལམ་ཆེ།

གསང་ཆེན་རྒྱུད་སྡེ་རྒྱ་མཚོར་གུས་པས་འདུད།

ཀུན་ཉོན་ལྕགས་ལ་སྐུ་གསུམ་གསེར་འགྱུར་རྩིས།

བཏབ་སྟེ་གྲགས་ཆེན་རྫོགས་པའི་སངས་རྒྱས་དངོས།

མི་རིང་ལག་རྩེར་འགོད་པའི་འཕྲུལ་འཛིན་པའི།

གསང་བ་བླ་མེད་ཆོས་ལ་ལན་བརྒྱར་འདུད།

རྒྱལ་དང་རྒྱལ་བའི་སྲས་པོ་ཐམས་ཅད་ཀྱི།

ཐུགས་དམ་ཟབ་མོ་ཆོས་ཀྱི་ཉིང་ཁུ་ཆེ།

ཀུན་འདུས་ཀུན་གྱི་སྙིང་པོ་མེད་མི་རུང་།

རིན་ཆེན་བྱང་ཆུབ་སེམས་མཆོག་གཉིས་ལ་འདུད།

དེ་ལྟར་གདུལ་བྱའི་ཁམས་དབང་དང་བསྟུན་ཏེ།

གོང་འོག་ཐེག་པའི་རྣམ་གྲངས་སྣ་ཚོགས་པའི།

ཐོག་མཐའ་བར་དུ་དགེ་བའི་ལམ་བཟང་པོ།

དཀོན་མཆོག་རིན་ཆེན་གཉིས་པར་སྐྱབས་སུ་མཆི།  

དཀོན་མཆོག་གསུམ་ལ་བསྟོད་པ་གདུང་བའི་མུན་སེལ་ནོར་བུའི་ཅོད་པཎ་ཞེས་བྱ་བ་ལས། ཆོས་ལ་བསྟོད་པའི་སྐབས་ཏེ་གཉིས་པའོ།

ཇི་ལྟར་སེངྒེའི་འོ་མ་བླུག་པ་ལ།

གསེར་གྱི་སྣོད་བཞིན་ཐེག་གསུམ་ཆོས་འཛིན་པ།

ངེས་ལེགས་རིན་ཆེན་གླིང་དུ་འགྲོ་བ་ཡི།

ཚོགས་ཀྱི་མཆོག་གྱུར་དགེ་འདུན་རྣམས་ལ་འདུད།

བདེན་པ་བཞི་ཡི་ལྡོག་འཇུག་ལ་བརྩོན་ཞིང་།

རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་དང་།

མཁས་བྱའི་གནས་ལ་མཁྱེན་པ་རྒྱས་པ་ཡི།

ཉན་ཐོས་དང་ནི་རང་སངས་རྒྱས་ལ་འདུད།

གསུང་རབ་སྙིང་པོ་བདག་མེད་ཆོས་ཀྱི་བཅུད།

མངོན་སུམ་ཉམས་སུ་མྱོང་བའི་དགའ་སྟོན་དུ།

ཀུན་སྦྱོར་གསུམ་གྱི་གཡུལ་ལས་རྣམ་རྒྱལ་བ།

འཕགས་པ་རྒྱུན་དུ་ཞུགས་པའི་ཚོགས་ལ་འདུད།

ཁམས་ཀྱི་ཐ་མའི་ཆ་དང་མཐུན་པ་ཡི།

ཀུན་ཉོན་གཏེར་གྱི་སུམ་ཆ་གཉིས་བྲལ་བ།

ཟག་མེད་ཆོས་ལ་སྤྱོད་པའི་རྒྱལ་བའི་སྲས།

འཕགས་པ་ལན་ཅིག་ཕྱིར་འོང་རྣམས་ལ་འདུད།

འདོད་པ་དུག་དང་འདྲ་བར་སྲེད་བྲལ་ཏེ།

འོག་མའི་ས་རུ་ནམ་ཡང་མི་འཇུག་པར།

ཏིང་འཛིན་ཞི་བའི་དགའ་སྟོན་མྱོང་པ་ཅན།

འཕགས་པ་ཕྱིར་མི་འོང་བ་རྣམས་ལ་འདུད།

ཁམས་གསུམ་འཆིང་བ་མཐའ་དག་རབ་བཅད་དེ།

ཉེ་བར་ཞི་བའི་གླིང་དུ་ངལ་གསོ་བ།

ཡོན་གནས་དམ་པ་གསེར་གྱི་རི་བོ་ལྟའི།

འཕགས་པ་དགྲ་བཅོམ་རྣམས་ལ་དྭངས་བས་འདུད།

གཅིག་ཏུ་བསྟན་དང་སྟོན་པར་གུས་པ་ཡིས།

ཆོ་ག་མཆོག་གིས་དགེ་ལས་མི་ཕྱེད་པར།

འདུན་པ་རོ་གཅིག་བསྟན་པའི་རྩ་ལག་ཆེ།

ཚོགས་མཆོག་འདུས་པ་རྣམས་ལའང་དགའ་བས་འདུད།

ནམ་མཁའ་མཉམ་པའི་འགྲོ་དྲུག་ཉམ་ཐག་ཚོགས།

ཕྱོགས་རིས་མེད་པར་སྙིང་རྗེའི་ཞགས་པ་ཡིས།

གཅིག་ཏུ་བསྡམས་ནས་ཕྲག་པར་ཐོག་པ་ཡི།

བྱང་ཆུབ་སེམས་དཔའ་རྣམས་ལ་རྟག་ཏུ་འདུད།

རྒྱ་ཆེན་བསམ་པ་རྣམ་པར་དག་བྱས་ཏེ།

ཤེས་རབ་ཕ་རོལ་ཕྱིན་པར་བྱ་བའི་སླད།

དམིགས་པའི་དུག་རྣམས་འདོན་ལ་འབུམ་ཕྲག་གི

རིགས་པའི་ཕྱག་མཚན་བསྣམས་པ་རྣམས་ལ་འདུད།

ངོ་བོ་ཉིད་མེད་རྟོགས་པའི་གཟུགས་སགོ ས་ལས།

ལྡགོ ་དང་ཐེ་ཚམོ ་མ་ིཁམོ ས་བརྒྱད་སྤང་སགོ ས། 

།དྲདོ ་རྩ་ེབཟདོ ་མཆོག་བཞི་ལ་བཞུགས་པ་ཡི།

ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་འདུད།

སྟོང་ཉིད་མངོན་སུམ་རྟོགས་ནས་གཟུགས་སོགས་ཀྱི།

འདུ་ཤེས་ལྡོག་དང་སེམས་བརྟན་དམན་ལོག་སོགས།

མཐོང་ལམ་སྐད་ཅིག་བཅུ་དྲུག་ལ་བཞུགས་པའི།

ཕྱིར་མི་ལྡོག་དཀོན་མཆོག་གསུམ་ལ་བསྟོད་པ། 

པའི་དགེ་འདུན་རྣམས་ལ་འདུད།

སྟོང་དང་རྟེན་འབྲེལ་སོ་སོར་མི་ཕྱེད་པའི།

སྐྱེ་འགག་དེ་བཞིན་ཉིད་སོགས་ཟབ་མོ་བརྒྱད།

མངོན་པར་རྟོགས་པའི་བསྒོམ་ལམ་ལ་བཞུགས་པའི།

ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་འདུད།

ཁྱད་པར་ཐབས་ཤེས་རོ་གཅིག་གསང་སྔགས་ཀྱིས།

དངོས་གྲུབ་ཆེན་པོ་བསྒྲུབ་པའི་ཐབས་མང་པོས།

རང་གཞན་དོན་གཉིས་བདེ་བླག་བསྒྲུབ་པ་ཡི།

རྣལ་འབྱོར་དབང་ཕྱུག་རྣམས་ལ་དྭངས་བས་འདུད།

ཀུན་རྫོབ་སྒྱུ་མ་དོན་དམ་འོད་གསལ་གྱིས།

སྐུ་གཉིས་སྒྲུབ་པའི་གསང་བའི་གནད་ཕྱེ་བའི།

གདམས་པ་མཆོག་གི་རྟོགས་པའི་དགའ་སྟོན་ཅན།

རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་ལ་འདུད།

དེ་ལྟར་ཐེག་པ་རིན་ཆེན་ཐེམ་སྐས་ལས།

དོན་གཉིས་འབྱོར་བ་ནམ་ཡང་མི་ཟད་པའི།

ཆོས་ཀྱི་རྒྱལ་སྲིད་མཆོག་ལ་ཆེས་པ་ཡིས།

དཀོན་མཆོག་རིན་ཆེན་གསུམ་པར་སྐྱབས་སུ་མཆི།

དཀོན་མཆོག་གསུམ་ལ་བསྟོད་པ་གདུང་བའི་མུན་སེལ་ནོར་བུའི་ཅོད་པཎ་ཞེས་བྱ་བ་ལས། དགེ་འདུན་ལ་བསྟོད་པའི་སྐབས་ཏེ་གསུམ་པའོ། །༈ 

དེ་ལྟར་ཉམ་ཐག་ཀུན་གྱི་མགོན་གཅིག་པུ།

རིན་ཆེན་གསུམ་ལ་གཅིག་ཏུ་དད་པའི་བློས།

ཅུང་ཟད་བསྟོད་པའི་རྣམ་དཀར་འདི་ཡིས་མཐུས།

དཀོན་མཆོག་གསུམ་དང་ནམ་ཡང་འབྲལ་མེད་ཤོག།

སངས་རྒྱས་ཉི་མའི་མཚན་དཔེའི་ཞལ་མཐོང་ཞིང་།

དམ་ཆོས་ཟླ་བའི་འོད་དཀར་སྙིང་ལ་ཞུགས།

དགེ་འདུན་སྐར་ཚོགས་འདུས་པའི་གྲལ་ཐོབ་སྟེ།

མཆོག་གསུམ་སྤྱི་བོའི་རྒྱན་དུ་འཛིན་པར་ཤོག།

ཚེ་རབས་ཀུན་དུ་བཀའ་གདམས་གདམས་པའི་སྲོལ།

སྐྱེས་བུ་གསུམ་གྱི་ལམ་རིམ་རིམ་གཉིས་ བཅས།

ཐེག་ཆེན་ཆོས་ཀྱི་གཏེར་ཐོབ་ཐོབ་བྱའི་འབྲས།

སྐུ་གསུམ་དབྱེར་མེད་ལྷུན་གྲུབ་གྲུབ་གྱུར་ཅིག།

ཅེས་དཀོན་མཆོག་གསུམ་ལ་བསྟོད་པ་གདུང་བའི་མུན་སེལ་ནོར་བུའི་ཅོད་པཎ་ཞེས་བྱ་བ་འདི་ནི། རིགས་གསུམ་སེམས་དཔའི་རྣམ་རོལ་བཀའ་དྲིན་མཚུངས་པ་མེད་པའི་བདག་ཉིད་རྣམ་པ་གསུམ་དང་། མཆོག་གཟིགས་ཀྱི་རྡོ་རྗེ་འཛིན་པ་ཆེན་པོ་རྣམ་གཉིས་སོགས་གཙུག་གི་རྒྱན་དུ་ཐོབ་པའི་བཀའ་དྲིན་ལས། དཀོན་མཆོག་ལ་དད་གུས་ཕྲན་བུ་ཐོབ་པའི་དགེ་སློང་རིགས་པར་སྨྲ་བའི་གཟུགས་བརྙན་ཙམ་འཛིན་པ་བློ་བཟང་མདོ་སྔགས་ཆོས་ཀྱི་རྒྱ་མཚོ་ཞེས་བྱ་བས་སྙན་མོ་རིའི་མགུལ་རང་གནས་དཀོན་མཆོག་གསུམ་གྱི་ལྷ་ཁང་ནས་བསྒྲིགས་པའི་དགེ་བས་བསྟན་པ་རིན་པོ་ཆེ་རང་གཞན་གྱི་རྒྱུད་ལ་རྒྱས་པར་གྱུར་ཅིག།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།