ཨོ་རྒྱན་གྱི་མཁན་པོ་པདྨ་སམ་བྷ་ཝ་ལ་བསྟོད་པ་དད་པའི་གླུ་ཡི་དོ་ཤལ་ཞེས་བྱ་བ་བཞུགས་སོ།།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2022-10-27 14:05:51     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ་གསུང་རབ།    ཀློག་ཐེངས།  

༄༅། །ན་མོ་གུ་རུ་པདྨ་སཾ་བྷ་ཝ་ཡ། །རབ་འབྱམས་རྒྱལ་ཀུན་གསང་གསུམ་རོལ་མཚོ་རྨད་བྱུང་ཡེ་ཤེས་སིནྡྷུའི་གླིང་། །མཆོག་ཏུ་བརྩེ་བའི་རླབས་འཕྲེང་གཡོ་དང་ལྷན་གཅིག་སོ་སོར་རྟོག་པའི་མདངས། །དྲི་བྲལ་པདྨའི་ཟེའུ་འབྲུར་རོལ་མཛད་སྒྱུ་འཕྲུལ་བཀོད་པ་རྨད་བྱུང་པའི། །རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་ཞབས་པད་བདག་བློའི་ཁང་བུར་རོལ་གྱུར་ཅིག། །གཙུག་ཕུད་འཛིན་པ་རྟག་ཏུ་འདུན་པའི་གནས། །གློག་ཕྲེང་འཛིན་པའི་སྒྲ་བརྒྱའི་དཔལ་ལྡན་མར། །རྣམ་དཔྱོད་འཛིན་པ་རྟག་ཏུ་འདུན་པའི་གནས། །ཐུགས་རྗེ་འཛིན་པའི་སྤངས་རྟོགས་དཔལ་ལྡན་ཁྱོད། །བདེ་ཆེན་ལི་ཁྲིའི་ཆུ་གཏེར་ལས་འོང་གསང་བ་གསུམ་གྱི་རྣམ་པ་ནི། །ཨུཏྤ་ལ་དང་ཀུ་མུད་ལང་ཚོ་ཟླ་པའི་འོད་ཀྱིས་གསོ་བ་བཞིན། །ལུས་ཅན་མཐའ་དག་ཀུན་ནས་འཚོ་བའི་དགེ་ལེགས་སྣང་པའི་ཆུན་པོ་ཆེ། །སྲས་བཅས་རྒྱལ་པའི་ཕྲིན་ལས་རབ་འབྱམས་རབ་དཀར་འོད་ཀྱི་དཀྱིལ་འཁོར་གཟུགས། །ཀླུ་དབང་གཙུག་ན་བསམ་འཕེལ་ནོར་བུའི་ཏོག། །ས་དབང་གཙུག་ན་པདྨ་ཀ་རའི་ཞབས། །ནོར་བུ་གང་འདོད་ལོངས་སྤྱོད་སྦྱིན་པའི་གཉེན། །ཁྱོད་ནི་ཡང་དག་དམ་ཆོས་སྩོལ་བའི་གཉེན། །རིས་སུ་མ་གྱུར་ཀུན་ ལ་བརྩེ་བའི་ཐུགས་རྗེ་ཉི་མའི་འོད་ཟེར་བཞིན། །ཀུན་ལ་ཕན་པའི་འཕྲིན་ལས་རྩ་ལག་ཀུན་ཏུ་བཟང་པོའི་རོལ་པ་ཆེ། །རིས་སུ་མ་གྱུར་ཀུན་ལ་ཁྱབ་པའི་མཁྱེན་རབ་ཉི་མའི་འོད་ཟེར་བཞིན། །ཀུན་ལ་ཕན་པའི་གསུང་གི་རྩ་ལག་ཀུན་ཏུ་བཟང་པོའི་རོལ་བ་ཆེ། །ཁྱོད་ཀྱི་མཁྱེན་བརྩེའི་དཀྱིལ་འཁོར་ཉི་ཟླ་བཞིན། །འོན་ཀྱང་ཉི་ཟླ་མ་ངག་བེམ་ཆོས་སྟེ། །ཁྱོད་ཐུགས་སྒྲིབ་པས་རྣམ་དག་ཡེ་ཤེས་མཆོག། །ཇི་བཞིན་མཚོན་དཔེ་ཁམས་གསུམ་གྲོང་ན་དབེན། །སྙིང་རྗེ་མཆོག་གི་ཟླ་བའི་ལང་ཚོ་རབ་དཀར་རྒྱུད་ལྔའི་པདྨོར་རྩེ། །མ་ཡིས་བུ་ལྟར་འགྲོ་བ་མཐའ་དག་བདེ་བའི་ས་ལ་ཡང་དག་བཀོད། །མཁྱེན་རབ་མཆོག་གི་ཟླ་བའི་ལང་ཚོ་རབ་དཀར་ཤེས་བྱའི་པདྨོར་རྩེ། །ལག་མཐིལ་དངོས་ལྟར་སྣོད་བཅུད་མཐའ་དག་མ་འདྲེས་སོ་སོར་ཡང་དག་གཞལ། །རྡོ་རྗེ་བཙུན་མོར་མཉམ་པར་སྦྱོར་བ་ཡི། །བདེ་ཆེན་འགྱུར་མེད་ཡེ་ཤེས་ཕྱག་རྒྱའི་དཔལ། །མ་ལུས་བརྟན་གཡོའི་དངོས་ལ་རབ་བཏབ་པའི། །ཡོངས་དག་ཨེ་ཝཾ་སྣང་བ་འབྱམས་སུ་ཟླས། །བརྟན་དང་གཡོ་བའི་གཟུགས་བརྙན་མ་ལུས་གཞལ་བྱེད་མེ་ལོང་ལྟ་བུའི་ཐུགས། །ཡུལ་དང་ཡུལ་ཅན་གཉུག་མའི་ངོ་བོར་སྲིད་ཞི་མཉམ་ཉིད་ངེས་པའི་ཐུགས། །ཇི་ལྟ་ཇི་སྙེད་རྣམ་པ་མ་ལུས་མ་འདྲེས་སོ་སོར་རྟོགས་པའི་ཐུགས། །འཛིན་རྟོགས་མི་མངའ་རྟོགས་པ་མཐར་ཐུགས་བྱ་བ་མཐའ་དག་ལྷུན་གྲུབ་ཐུགས། །ཐུགས་ཀྱི་རྡོ་རྗེ་རྡོ་རྗེ་རྩེ་ལྔའི་དཔལ། །དཔལ་བཞིན་སྨིན་ལེགས་སྨིན་ལེགས་བཙུན་མོའི་ངང་། །ངང་གནས་རྣམ་དག་རྣམ་དག་སེམས་ཀྱི་གཤིས། །གཤིས་ལུགས་རྨད་བྱུང་རྨད་བྱུང་ལམ་གྱིས་བསྐྱེད། །གངས་ཅན་ཁྲོད་ན་མང་ཞིག་ཆེ་བཙན་དྲེགས་པ་ཀུན། །ཨོ་རྒྱན་གྱི་མཁན་པོ་པདྨ་སམ་བྷ་ཝ་ལ་བསྟོད་པ། དབང་དུ་མཛད་པའི་མཐུ་སྟོབས་འཁོར་ལོ་གྲུབ་རིགས་རལ་པའི་ཅོ་པཎ་ཏེ། །དབུ་མའི་དབྱིངས་ན་གང་ཞིག་ལས་རླུང་དྲེགས་པ་ཀུན། །དབང་དུ་མཛད་པའི་སྟོབས་ཀྱིས་འཁོར་ལོ་གྲུབ་རིགས་རལ་པའི་ཅོ་པཎ་ཏེ། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཀྱི་ཁམས། །དབང་པོའི་ཡེ་ཤེས་ཚོགས་དང་མཉམ་སྦྱོར་པའི། །འདོད་ཡོན་རྣམ་དག་མཆོད་པའི་དགའ་སྟོན་ལ། །ཆགས་མེད་ཆགས་པ་ཟག་མེད་དབྱིངས་ན་འབར། །རྡོ་རྗེའི་ཐུགས་དང་ཟུང་འཇུག་ཡེ་ཤེས་སྐུ་ཡི་དཀྱིལ་འཁོར་བླ་མེད་ནི། །ཐོགས་རེག་མི་མངའ་དབང་པོའི་གཞུ་ལུས་གང་འདོད་རྣམ་པ་ཐམས་ཅད་པ། །རྡོ་རྗེའི་སྐུ་དང་ཟུང་འཇུག་ཡེ་ཤེས་གསུང་གི་དཀྱིལ་འཁོར་བླ་མེད་ནི། །འགགས་འཛེར་མི་མངའ་མཚོ་བྱུང་རྒྱུད་མངས་གང་འདོད་རྣམ་པ་ཐམས་ཅད་པ། །མིག་གི་བདུད་རྩིར་གྱུར་པའི་མཚན་དཔེའི་སྐུ། །སྲིད་ཞིར་མི་གནས་སྲིད་ཞི་ཀུན་ཏུ་འཇོམས། །རྣ་བའི་བདུད་རྩིར་གྱུར་པའི་ཚངས་དབྱངས་གསུང། །སྲིད་ཞིར་མི་གནས་སྲིད་ཞི་ཀུན་ཏུ་འཇོམས། །བརྟན་གཡོ་ཀུན་ཁྱབ་ཀུན་གྱི་རྣམ་པའི་མིག་འཕྲུལ་ཀུན་ཏུ་བསྒྱུར་པའི་སྐུ། །བརྟན་གཡོ་ཀུན་ཁྱབ་ཀུན་གྱི་རྣམ་པ་གླུ་དབྱངས་ཀུན་ཏུ་བསྒྱུར་པའི་གསུང་། །ཀུན་ལ་རྗེས་བརྩེས་ཕན་བདེའི་སྣང་བ་ཕྲ་རགས་འགོག་མེད་སྟེར་བའི་སྐུ། །ཀུན་ལ་རྗེས་བརྩེས་ཕན་བདེའི་སྣང་བ་ཕྲ་རགས་འགོག་མེད་གཏེར་བའི་གསུང་། གང་ལ་གང་འདུལ་རྣམ་པ་ཐམས་ཅད་པའི། །རྡོ་རྗེའི་སྐུ་དང་གསུང་གི་སྣང་བ་ཡིས། །ཕན་དང་བདེ་བའི་དངོས་པོ་ཐམས་ཅད་ཀུན། །ཁྱོད་ཀྱི་འཕྲིན་ལས་ཁོ་ན་རབ་ཏུ་གསལ། །དེ་ལྟར་དད་པའི་གླུ་ཡི་དོ་ཤལ་མུ་ཏིག་ཕྲེང་པར་བལྟ་བའི་ངོས། །ཁྱོད་ཐུགས་དགྱེས་པའི་མཆོད་པར་བསྐྲུན་ན་རབ་ ཏུ་བརྩེ་བའི་དགོངས་མཛོད་ལ། །སྔ་འགྱུར་ཆོས་ཀྱི་སྣང་བ་བརྡལ་བའི་སྲིད་གསུམ་བླ་མ་ཁྱོད་ཀྱི་སྲས། །རྒྱལ་བའི་མྱུ་གུ་གཞོན་ནུའི་གྲལ་ལ་སྨིན་པར་མཛོད་ཅིག་ལྷག་པའི་ལྷ། །ཅེས་ཨོ་རྒྱན་གྱི་མཁན་པོ་པདྨ་སམ་བྷ་ཝ་ལ་བསྟོད་པ་དད་པའི་གླུ་ཡི་དོ་ཤལ་ཞེས་བྱ་བ་འདི་ནི། ཚངས་སྲས་སྙེམས་པའི་སྡེའི་ཡིད་མཚོ་ལས་གང་ཐོན་ཕྲེང་པར་བསྟར་པའི་མུ་ཏིག་གི་དོ་ཤལ་ལོ། །དགེ་ལེགས་འཕེལ།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།