རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2022-10-27 14:04:14     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ་གསུང་རབ།    ཀློག་ཐེངས།  

ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ་སྭ་ར་སྭ་སྟྱཻ། བཟོད་ནས་ཉེས་པའི་རྣམ་དག་སེམས་ཀྱི་མཁར། །མཁྱེན་བརྩེའི་ཆུ་འཛིན་ཕུང་པོས་རབ་གཏམས་པས། །བགྲངས་ཡས་ལུས་ཅན་དགའ་བའི་ཆོས་ཀྱི་ཆར། །འབེབས་མཛད་ཤཱཀྱ་སེང་གེ་དེ་ལ་འདུད། །དེ་སྲས་རྒྱལ་བ་རང་གི་གསུང་གསང་གིས། །ཡོད་མེད་མཐར་འཛིན་གཞིག་ལ་ལུང་བསྟན་བཞིན། །ཟབ་བཤད་བདུད་རྩིའི་འོད་ཀྱི་མགྲིན་པ་ཅན། །དངོས་མེད་སྨྲ་བའི་ཟླ་བ་ཀླུ་ཡི་དབང་། །དེ་ཡི་ཟབ་དོན་ལེགས་བཤད་ག་བུར་ཟེར། །སྙིང་དབུས་ཀུནྡའི་ཟེའུ་འབྲུར་སྨིན་པ་ལས། །མ་ཁོལ་ལྟ་གྲུབ་དབང་མེད་འདོར་བ་ཡི། །ཡུམ་དོན་དྲི་བསུང་སྟེར་བའི་འཕགས་པ་ལྷ། །རྒྱ་ཆེན་བརྩོན་པའི་མ་ཕམ་སྒྲུབ་པ་ལས། །སྦས་དོན་གསལ་བྱེད་ལྔ་ཕྲག་ཆོས་ཀྱི་སྐྱེས། །ཐེག་མཆོག་བསྟན་པའི་གསོས་སུ་འདྲེན་མཁས་པའི། །འོད་བྱེད་སར་གནས་འཕགས་པ་ཐོགས་མེད་ཞབས། །ཆོས་མངོན་རྒྱ་མཚོའི་གཏིང་མཐའ་གཟིགས་པའི་སྤྱན། །གང་ལ་མངའ་བས་ཀུན་མཁྱེན་གཉིས་པ་ཞེས། །གྲགས་པ་ས་གསུམ་སྐྱེ་དགུའི་རྣ་རྒྱན་དུ། །གདགས་མཛད་ཡོན་ཏན་ཕུང་པོ་དབྱིག་གི་གཉེན། །སྦྱང་བའི་ཡོན་ཏན་བཅུ་གཉིས་ཁྱིམ་ཀྱི་གཞིར། །རྟག་ཏུ་གནས་བཞིན་འཆད་རྩོད་རྩོམ་པའི་འོད། །སྨྲ་ངན་ཁྲོམ་པ་སྐེམ་ལ་ཆས་པ་ཡི། །བསྟན་པའི་ཉི་མ་ཕྱོགས་ཀྱི་གླང་པོའི་ཞབས། །རིགས་པའི་སེངྒེའི་ལུས་སྟོབས་རབ་བརྟས་ནས། རྟག་ཆད་ཕྱོགས་ལྷུང་མུ་སྟེགས་གཉིས་འཐུང་འབུམ། །ཡང་དག་ལམ་དུ་བཀྲི་བའི་བརྟུལ་ཞུགས་ཀྱིས། །ཕྱོགས་ལས་རྣམ་པར་རྒྱལ་བ་ཆོས་ཀྱི་གྲགས། །བསྟན་རྩ་ཚུལ་ཁྲིམས་བསིལ་ཁང་དམ་པའི་གཞིར། །འདུལ་བ་རྒྱ་མཚོའི་ལེགས་བཤད་ཟླ་བའི་ཟེར། །ཐུབ་བསྟན་ཀུན་ནས་མཛེས་པའི་རྒྱན་གཅིག་ཏུ། །བྱེད་པོ་རྣམས་སད་སྲས་པོ་མཆོག་གཉིས་ཞབས། །དེ་ལྟར་ལུང་དང་རྟོགས་པའི་ཡོན་ཏན་གྱིས། །འཛམ་གླིང་མཛེས་པའི་རྒྱན་ཏུ་ཡོངས་གྱུར་པའི། །མ་སྨད་ཤཱཀྱའི་སྲས་པོ་ཁྱེད་རྣམས་ལ། །སྙིང་ནས་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །རྣམ་དག་བསྟན་པའི་ཉི་མར་མཇལ་བའི་དུས། །འཛིན་འདོད་ཡིད་ཀྱི་མེ་ཏོག་ལྡེམས་གྱུར་པས། །འགལ་རྐྱེན་སྤྲིན་གྱི་ཡོལ་བ་མི་འཇུག་ཅིང་། །ལུང་རྟོགས་འོད་ཟེར་སྙིང་ལ་གསལ་བར་ཤོག། །རྒྱ་ཆེན་ཐོས་པའི་གཡུ་རལ་རབ་རྒྱས་ཤིང་། །བསམ་པའི་ལུས་སྟོབས་རབ་ཏུ་རྫོགས་གྱུར་ཏེ། །མི་རྟོག་སྒོམ་པའི་གངས་ཅན་ལ་གནས་པའི། །ཐུབ་བསྟན་འཛིན་ལ་དཔའ་བའི་མཐུ་ཐོབ་ཤོག། །རྣམ་གསུམ་སྡེ་སྣོད་འཆད་པའི་སྦྲང་རྩིའི་མགྲིན། །ལུང་རིགས་གད་རྒྱང་སྒྲོགས་ལ་མི་འཇིགས་ཤིང་། །ལེགས་བཤད་རྩོམ་པའི་དྲི་བསུང་འབུམ་འགྱེད་པས། །ཐུབ་བསྟན་གསལ་བའི་སྒྲོན་མེར་བདག་འགྱུར་ཤོག། །རྣམ་དག་བསྟན་ལ་སྤྱོད་པ་རྣམ་དཀར་ཚོགས། །མཁའ་མཉམ་སྐྱེ་དགུ་སྲིད་ཞི་ལས་བསྒྲལ་ནས། །བླ་མེད་བྱང་ཆུབ་སྙིང་པོར་འགོད་པའི་ཆེད། །ཇི་ལྟར་སྨོན་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག།

ཅེས་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ཉུང་བསྡུས་འདི་ནི། ས་གསུམ་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་གངས་ཅན་བསྟན་པའི་སྒྲོན་མེ་ཆོས་རྗེ༧འཇམ་དཔལ་སྙིང་པོའི་ལུགས་བཟང་གསེར་གྱི་ཅོད་པཎ་སྤྱི་བོར་ རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ།འདེགས་པའི་བན་ཆུང་འཇམ་དཔལ་དགྱེས་པ་ཞེས་བྱ་བས་གནས་མཆོག་དུང་དཀར་གཡས་སུ་འཁྱིལ་བའི་རི་ངོས་ནས་ལྷག་བསམ་དག་པའི་བྲིས་སོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།