རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2022-10-27 14:03:00     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ་གསུང་རབ།    ཀློག་ཐེངས།  

ན་མོ་གུ་རུ་བཛྲ་ཝཱ་ར་ཧི། ཡིད་འོང་ལི་ཁྲིས་བྱུགས་པའི་བྱུ་རུའི་ཤིང་། །ཟག་མེད་བདེ་བའི་འབྲས་བུ་དུད་པ་བཞིན། །ཐབས་ལ་མཁས་པའི་སྒྱུ་འཕྲུལ་ལྷ་མོའི་གཟུགས། །དེང་འདིར་དྲན་ནོ་མཁའ་སྤྱོད་ཞལ་བཟང་སྟོན། །རིང་ནས་སྲིད་པ་འབྱུང་བོའི་གྲོང་ཁྱེར་དུ། །སྡུག་བསྔལ་གསུམ་གྱི་ལོངས་སྤྱོད་སྤྱད་པའི་བུ། །དེང་འདིར་མ་གཅིག་ཟག་མེད་འཁྲི་ཤིང་མ། །ཁྱོད་ཀྱིས་ཐུགས་རྗེས་ཡལ་བར་འདོར་རམ་ཅི། །གང་ཐུགས་གཡོ་བ་མེད་པའི་བདེ་ཆེན་གཏེར། །བཅུ་དྲུག་ལང་ཚོར་འཕོས་པའི་སྨིན་ལེགས་མ། །ཆགས་མེད་ཆགས་པའི་སྒྱུ་རྩལ་ངོམས་བཞིན་ཏུ། །རིང་ནས་དཀའ་ཐུབ་འཕྲོག་ལ་ཆས་པ་བཞིན། །བདེ་སྟོང་ཟུང་འཇུག་མཚོན་གྱི་རྣོ་ངར་ལས། །བདག་རྟོག་དབྱིངས་སུ་བསྒྲལ་བའི་དམར་ཆེན་རྒྱུན། །རྣམ་ཀུན་སྲེད་པས་ལྷག་མེད་རྔུབ་བཞིན་ཏུ། །ཆགས་སྡང་ཕོ་མོ་གནོན་པའི་འཕྲིན་ལས་འབར། །གཞིར་གནས་ཆོས་འབྱུང་པད་ཉིའི་གདན་སྟེང་ན། །ཡེ་ཤེས་རྟ་གདོང་མེ་ཡི་ཚང་ཚིང་དབུས། །སྒེག་པའི་ཉམས་བརྒྱ་འཛིན་པའི་གཟུགས་ཀྱི་སྐུ། །མི་ཐོད་རུས་པ་གསར་བའི་རྒྱན་གྱིས་བརྒྱན། །དེ་ལྟར་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །གང་འདུལ་གཟུགས་སྐུའི་རོལ་བར་འབྱམས་ཀླས་པའི། །མཁའ་སྤྱོད་བདེ་ཆེན་རྩེ་དགའི་འཁྲི་ཤིང་མ། །སྙིང་ནས་སྐྱབས་སུ་བསྟེན་ནོ་དགོངས་ལགས་སམ། །གདོད་ནས་རྣམ་དག་རྣམ་པ་ཀུན་མཁྱེན་པའི། །ཀུན་ བཟང་བརྩེ་བས་འགྲོ་ལ་གཟིགས་ལགས་ན། །མགོན་མེད་ཉམ་ཐག་བདག་འདྲའི་སེམས་ཅན་ནི། །རྣམ་ཀུན་མཁྱེན་པའི་ཡུལ་དུ་མ་གྱུར་རམ། །དུག་ལྔའི་གདོན་གྱིས་ཆེས་ཆེར་བཏབ་ནའང་། །མཁའ་སྤྱོད་དགྱེས་པའི་ས་བོན་ཅུང་ཟད་དུ། །ཁྱོད་སྐུ་སྒོམ་དང་བཟླས་བརྗོད་ལ་སོགས་འདི། །ཐུགས་རྗེའི་ལྕགས་ཀྱུའི་སྣོད་དུ་མི་འགྱུར་རམ། །གཏན་གྱི་སྐྱབས་གནས་ཐུགས་རྗེའི་གཏེར་ཆེན་ཁྱོད། །ཡིད་འོང་ལང་ཚོའི་གར་སྟབས་བསྒྱུར་བཞིན་ཏུ། །བདེ་ཆེན་པདྨོའི་རྣམ་འགྱུར་མ་བརྩལ་ན། །མུ་མེད་སྲིད་པའི་གཅོང་རོང་ཉམ་རེ་ང་། །མགོན་མེད་ཉམ་ཐག་སེམས་ཅན་གྲངས་རེ་མང་། །ལས་ཉོན་འཁོར་བའི་འབྲེལ་ཐག་རྒྱུན་རེ་ཟབ། །ཚུལ་འདི་གཟིགས་བཞིན་ཐུགས་ཀྱིས་བཟོད་དམ་ཅི། །ཀྱེ་མ་ཀྱེ་ཧུད་ཟག་མེད་ཆོས་འབྱུང་མ། །ངེས་འབྱུང་སེམས་ཀྱི་ཆུ་གཏེར་འཕྱུར་པ་ལས། །བྱང་ཆུབ་སེམས་གཉིས་ནོར་བུ་རབ་འབར་ཞིང་། །ཟག་མེད་བདེ་ཆེན་ཡིད་ཀྱིས་རབ་མྱོས་པའི། །སྒྱུ་མའི་ལང་ཚོ་སྩོལ་ཅིག་རྗེ་བཙུན་མ། །སྣང་མུན་བར་ལག་འབྱེད་པའི་སྐྱ་རེངས་དུས། །མི་ཕྱེད་སྐྱིལ་ཀྲུང་གཅིག་གི་རྣམ་འགྱུར་ལ། །རྡོ་རྗེའི་ཆོས་བདུན་རྫོགས་པའི་དགའ་སྟོན་གྱིས། །སྲིད་པའི་ཕྱི་མཐའ་བར་དུ་འཁྱུད་གྱུར་ཅིག།

ཅེས་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་ཅིང་འདོད་དོན་གསོལ་བ་འདི་ནི་སྤྲུལ་མིང༧མི་བསྐྱོད་དགྱེས་བཞད་དུ་འབོད་པས་དགུན་ཟླ་འབྲིང་པོའི་དམར་ཕྱོགས་ཀྱི་ཉེར་ལྔའི་སྒྲུབ་མཆོད་སྐབས་སུ་གང་ཤར་འཕྲལ་དུ་བྲིས་པ་ཛ་ཡནྟུ།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།