སྟོན་པ་ཐུབ་པའི་དབང་པོ་ལ་བསྟོད་ཅིང་སྨོན་ལམ་དུ་བྱ་བ་དད་པའི་མེ་ཏོག་གཡོ་བའི་དྲི་བསུང་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2022-10-26 07:40:46     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ་གསུང་རབ།    ཀློག་ཐེངས།  

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །རབ་ཡངས་མི་མཇེད་སྣོད་ཀྱི་པདྨ་གླིང་བཞིའི་འདབ་མ་བྱེ་བ་བརྒྱས། །ཉེ་བར་བཀྲ་བའི་ཞིང་མཆོག་འདིར་ནི་སྐལ་ལྡན་ལྷ་མིའི་བུང་བའི་ཁྱུ། །བྱེ་བ་ཁྲག་ཁྲིག་གྲངས་ཀྱིས་མི་མཚོན་དམ་ཆོས་སྦྲང་རྩིའི་མགྲོན་ཆེན་པོར། །རྒྱུ་མེད་པར་ཡང་བྱམས་པས་འབོད་པའི་སྟོན་པ་མཚུངས་མེད་ཁྱོད་ཉིད་མཆོད། །འཁོར་ལོས་བསྒྱུར་བ་རྩིབས་ཀྱི་མུ་ཁྱུད་དང་། །དེ་སྲས་སྟོང་སོགས་ཐེག་མཆོག་རིགས་སྐྱེས་རྣམས། །ཏིང་འཛིན་རྣམ་པར་འཕྲུལ་བས་ཡོངས་སྣང་བའི། །བཟང་པོའི་ཞིང་རྣམས་ཡོངས་སུ་བཟུང་བའི་མོད། །མགོན་ཁྱོད་སྙིགས་མ་ལྔ་བོས་ཆེས་མནར་བའི། །རྩོད་ལྡན་ཉམ་ཐགགདུལ་བྱ་ཡོངས་གཟིགས་ཏེ། །ཐུགས་རྗེ་ཆེན་པོས་དུས་མཐར་འཚང་རྒྱ་བའི། །སྨོན་ལམ་ཆེན་པོའི་འགྲན་ཟླ་བྲལ་གྱུར་པ། །ཇི་ལྟར་མེ་ཏོག་སྣ་ཚོགས་ཕན་ཚུན་དུ། །འགྲན་པ་ལྟ་བུའི་སྐྱེད་མོའི་ཚལ་རྣམས་ན། །ཀུན་ནས་མཛེས་པ་པདྨ་དཀར་པོ་ནི། །ལྟ་ན་སྡུག་པས་ཆེས་ཆེར་བསྔགས་པ་ལྟར། །རབ་འབྱམས་ཞིང་གི་རྒྱལ་བའི་མདུན་ས་ན། །རླབས་ཆེན་སྤྱོད་ལ་འཇུག་པའི་རྒྱལ་སྲས་དང་། །དཔའ་ཆེན་སྙིང་སྟོབས་རྫོགས་པའི་སྐྱེས་མཆོག་ཁྱོད། །བདེ་གཤེགས་ཀུན་ གྱིས་མགྲིན་གཅིག་བསྟོད་པར་གྱུར། །དེ་ལྟ་ལགས་ན་མགོན་ཁྱོད་ཀྱིས། །བྱ་དཀས་སྤྱོད་པས་ཉེར་བསྒྲུབ་པའི། །བསྟན་པ་རིན་ཆེན་མཆོག་འདི་དང་། །བསོད་ནམས་ཆེན་པོས་ཡོངས་མཇལ་ཏེ། །སྟོན་པ་མཚུངས་པ་མེད་པ་ཁྱོད། །བདག་ཅག་མགོན་དུ་ཐོབ་ལགས་ན། །སེམས་ཡོད་སུ་ཞིག་སྙིང་ནས་ནི། །རྗེས་སུ་དྲན་ཏེ་བསྟོད་མི་བགྱིད། །༈མགོན་ཁྱོད་སྐུ་ནི་གསེར་གྱི་མཆོད་སྡོང་གིས། །ཐུན་མཚམས་སྤྲིན་གྱི་བླ་གོས་འཛིན་པ་ལྟར། །དག་ཅིང་གསལ་ལ་མཛེས་པའི་ངུར་སྨྲིག་གི །རྣམ་གསུམ་ཆོས་གོས་སོར་བཞིའི་མ་རེག་གསོལ། །གང་ལ་མངའ་བ་སྐྱེས་བུ་ཁྱུ་མཆོག་ཏུ། །མཚོན་པའི་མཚན་གྱི་ཡལ་ག་རྫོགས་པའི་རྩེར། །ནང་གི་ཡོན་ཏན་ངོམས་པའི་དཔེ་བྱད་གྲངས། །བཅུ་ཕྲག་བརྒྱད་ཀྱིས་མེ་ཏོག་མཛེས་པར་རྒོད། །འདོམ་གང་འོད་ཀྱིས་འཁོར་ཡུག་ཡོངས་འཁྱུད་པའི། །ཐུབ་དབང་ཞལ་གྱི་པདྨ་འཛུམ་པའི་ཟེར། །མནར་མེད་ནས་བཟུང་སྲིད་པའི་རྩེ་མོའི་བར། །ལན་རེ་འཕྲོས་པས་སྲིད་ཞིའི་རྒུད་པ་འཇོམས། །འདོད་ཁམས་བདག་པོས་བདུད་སྡེ་བྱེ་བའི་དཔུང་། །སྦྲན་ཏེ་རྒོལ་བ་བྱམས་པས་ཡོངས་མནན་ཏེ། །ས་ཆེན་དཔང་དུ་གསོལ་བའི་ཕྱག་རྒྱ་ལ། །ས་ཡི་ལྷ་མོའི་ལགས་སོའི་སྐྱེས་ཆེན་ཕུལ། །ཆོས་དབྱིངས་སྤྲོས་པས་དབེན་པའི་གཟིགས་མོ་ལ། །རོ་གཅིག་བཞུགས་པའི་མཉམ་བཞག་ཕྱག་སྟངས་ཀྱིས། །ཆོས་རྣམས་ཀུན་གྱི་སྙིང་པོའི་དེ་བཞིན་ཉིད། །ཞི་བསིལ་བདུད་རྩི་ཁྱོད་ཉིད་ཁོ་ནས་བཞེས། །རྩིབས་སྟོང་རྣམ་བཀྲའི་འཁོར་ལོས་ལེགས་མཚན་པའི། །བཀྲ་ཤིས་ཞབས་ཟུང་གང་དུ་བཀོད་པ་དེར། །འདབ་མཛེས་མེ་ཏོག་རྒོད་པའི་ཞབས་གཉིས་ནི། །པད་ཟླའི་གདན་ལ་དཀྱིལ་མོ་ཀྲུང་གིས་རོལ། མགོན་ཁྱོད་གསུང་གི་དཀྱིལ་འཁོར་ནི། །རྣམ་པར་རྟོག་པའི་མ་བསྐྱོད་བཞིན། །ལྷུན་གྲུབ་བ་སྤུའི་ཁུང་རེས་ཀྱང་། །ཚངས་དབྱངས་གདངས་ཀྱིས་དམ་ཆོས་སྟོན། །གང་ཞིག་བཞེད་པ་ཙམ་གྱིས་ནི། །ལྷ་ཀླུ་མི་དང་མིའམ་ཅི། །དྲི་ཟ་ལ་སོགས་སྐལ་ལྡན་འཁོར། །ལྕགས་ཀྱུས་དྲངས་བཞིན་འདུས་པ་ཡི། །གདུལ་བྱའི་རིགས་དང་མོས་ངོ་བཞིན། །དཔག་མེད་སྒྲ་སྐད་སྣ་ཚོགས་ཀྱིས། །གང་ལ་གང་གིས་འདུལ་བའི་ཆོས། །མི་རྟག་སྡུག་བསྔལ་བདག་མེད་སོགས། །སྙན་ཞིང་འཇེབས་པར་འདོམས་མཛད་ཕྱིར། །དོན་དུ་མི་འགྱུར་མ་མཆིས་པའི། །གསུང་མཆོག་རྣམ་པ་ཐམས་ཅད་པ། །ལྷ་ཡི་རྔ་བཞིན་ཁྱོད་ལ་མངའ། ཁྱོད་ཐུགས་སྤྲོས་པ་མེད་པའི་རྫིང་བུ་ལ། །ཀུན་རྟོག་འཁྲུད་པའི་ཁྲུས་ཀྱིས་བྲེལ་བཞིན་དུ། །སྤྲོས་པས་དུབ་པའི་རྒྱུད་ལྔའི་འགྲོ་བ་ལ། །བྱམས་བརྩེའི་སྨན་གྱིས་བྱུག་པ་རང་བརྟེན་པས། །ད་ལྟ་གཉིས་སྣང་འཁྲུལ་བའི་གཡའ་ཙམ་ཡང་། །ཡོངས་དག་རབ་དཀར་སྟོབས་བཅུའི་གླང་པོ་ཆེ། །གཟུགས་སྐུ་རིན་ཆེན་རྒྱན་གྱིས་ཉེར་སྤྲས་ཏེ། །ལྷུན་གྲུབ་འཕྲིན་ལས་འཁོར་ལོའི་འགྲོས་ཀྱིས་

བརྗིད། །ཨེ་མ་ཟག་མེད་དབྱིངས་སུ་སྤྲོས་པའི་རྡུལ། །གཅིག་ཙམ་མི་གཟིགས་ནམ་མཁའ་ལྟ་བུའི་ཐུགས། །ཇི་སྙེད་སྤྲོས་པའི་རྣམ་པ་མ་འདྲེས་པར། །སོ་སོར་གཟིགས་པའི་ངོ་བོར་སྐྱེས་པ་ནི། །མི་འགལ་འགལ་བ་ལྟ་བུའི་ཡེ་ཤེས་ཀྱིས། །ཀུན་ཁྱབ་ཁྱབ་

བདག་ཆེན་པོ་ཁྱོད་ཀྱི་སྐུས། །ཀུན་གཟིགས་གཟིགས་པའི་ཡེ་ཤེས་དེ་ཁོ་ན། །མ་དག་དག་པའི་གདུལ་བྱའི་སྐུ་རུ་སྣང་། །དེ་སླད་བ་སྤུའི་ཁུང་བུ་གཅིག་གིས་ཀྱང་། །མཐའ་ཡས་ཤེས་བྱ་གཟིགས་ཤིང་འདོམས་པ་དང་། །ཡེ་ཤེས་སྐད་ཅིག་གཅིག་ཀྱང་མཚན་དང་དཔེའི། །སྒྱུ་མའི་ལང་ཚོར་རྫོགས་པ་ཁྱོད་འབའ་ཞིག། །དེ་སླད་ཕྱོགས་བཅུའི་ཞིང་དུ་མངོན་ཤེས་ལྔས། །ས་ཆེན་རྡུལ་སྙེད་སྐལ་བར་བཙལ་ན་ཡང་། །ཉེས་ཟད་ཡོན་ཏན་རྫོགས་པ་ཁྱོད་ལས་གཞན། །མ་རྙེད་མི་རྙེད་རྙེད་པར་མི་འགྱུར་བས། །བདག་ནི་དེང་ནས་སྲིད་པའི་ཕྱི་མཐའི་བར། །སྐྱེ་དང་སྐྱེ་བ་རྣམས་སུ་བདེ་གཤེགས་ཁྱོད། །ནོར་བུའི་ཅོད་པཎ་ལྟ་བུར་གཅེས་སྤྲས་ཀྱིས། །སྤྱི་བོའི་རྒྱན་དུ་འབྲལ་མེད་འཛིན་པར་ཤོག། །གང་ཚེ་ཡན་ལག་མཆོག་གིས་ཉེར་བཏུད་དེ། །ཐུབ་དབང་ཞབས་ཀྱི་པདྨ་འཛིན་པའི་ཚེ། །དེ་ཡིད་འགྲོ་འདུལ་འཕྲིན་ལས་འབུམ་གྱི་གཙོ། །གསུང་མཆོག་ཆོས་སྒོ་དཔག་མེད་ཐོས་པར་ཤོག། །ཐོས་པའི་མོད་ལ་བློ་གྲོས་འཁྲུལ་བའི་རྙོག། །ཚངས་དབྱངས་གསུང་གི་ཀེ་ཏ་ཀས་བགྲུང་སྟེ། །ཤེས་བྱའི་སྣང་ཚུལ་འདབ་སྟོང་འཛུམ་པ་དང་། །ལྷན་ཅིག་གནས་ལུགས་སྦྲང་རྩི་མྱོང་བར་ཤོག། །ཆོས་ཀྱི་དབྱིངས་སུ་ཆོས་ཅན་འཁོར་འདས་ཀྱིས། །བཟང་ངན་སྤྱོད་པའི་རྫུན་ཕུག་རྡིབ་པ་ཡི། །འོད་གསལ་སེམས་ཀྱི་ལྟད་མོ་བརྒྱས་བྲལ་ཏེ། །ཀུན་རྟོག་སྲིད་པའི་གཡེང་བ་ཆོད་པར་ཤོག། །མེད་པ་མ་ཡིན་ལས་ཚུལ་བསམ་ཡས་ཀྱིས། །བྲིས་པའི་རྣམ་སྨིན་རི་མོ་ཆེས་བཀྲ་ཞིང་། །ཡོད་དོ་ཞེས་ཀྱང་རབ་རིབ་ཅན་བཞིན་དུ། །གཏད་སོ་མེད་པའི་ཆོས་སྐུ་མཐོང་བར་ཤོག། །བཟང་ངན་རྐྱེན་གྱིས་མ་བཅོས་རང་བྱུང་བབས། །བློས་བྱས་སྟོང་བ་ཙམ་དུ་མི་འཁྲུལ་བར། །འཁོར་འདས་ཆོས་རྣམས་ཞེན་མེད་རོ་གཅིག་རྒྱས། །བཏབ་སྟེ་འཁོར་བའི་ལམ་ཆེན་འགག་པར་ཤོག། །རང་ཉིད་ཞི་བར་ཆེས་ཙམ་མ་ཡིན་པར། །རྣམ་པར་གྲོལ་བའི་ཡེ་ཤེས་རོལ་བ་ཆེ། །འཁོར་འདས་ཀུན་ལ་ཁྱབ་པའི་འཕྲིན་ལས་ཀྱིས། །མཁའ་ཁྱབ་རྒྱལ་བ་ཀུན་དང་དགོངས་མཉམ་ཤོག། །དེ་སྲིད་དུ་ཡང་སྐྱེ་བའི་མེ་ཏོག་ཕྲེང་། །ཚུལ་ཁྲིམས་སྦྲང་རྩིའི་བཅུད་ཀྱིས་ལེགས་གཏམས་ཏེ། །རྒྱལ་བ་མཉེས་པའི་མཆོད་སྤྲིན་དུ་གྱུར་ནས། །ཡོན་ཏན་དྲི་བསུང་ཅིར་ཡང་འཕྲོ་བར་ཤོག། །ཐོག་མེད་ནས་གོམས་ཉེས་བརྒྱའི་གཞི་གཅིག་པུ། །རང་ཉིད་གཅེས་པར་འཛིན་པའི་ཕུང་བྱེད་བདུད། །བྱམས་དང་སྙིང་རྗེའི་རིགས་སྔགས་ཀྱིས་བཏུལ་ཏེ། །ཐེག་མཆོག་བགྲོད་པ་ཁོ་ནས་འགྲོ་བར་ཤོག། །མདོར་ན་ཇི་སྲིད་བྱང་ཆུབ་བར་དེ་སྲིད། །ཐེག་པ་མཆོག་གི་ཆོས་དང་ཆོས་སྨྲ་བ། །སྲོག་ལ་ཐུག་ཀྱང་ཡལ་བར་མི་འདོར་བར། །སྙིང་སྟོབས་ཆེན་པོས་རྟག་ཏུ་འཛིན་པར་ཤོག། ཅེས་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ལ་བསྟོད་ཅིང་སྨོན་ལམ་དུ་བྱ་བ་དད་པའི་མེ་ཏོག་གཡོ་བའི་དྲི་བསུང་ཞེས་བྱ་བ་འདི་ནི། རྩོད་བྲལ་གྱི་གྲུབ་པའི་དབང་ཕྱུག་ཆེན་པོ་རིག་འཛིན་འཇའ་ལུས་རྡོ་རྗེའི་ཐུགས་ཟིན་གྱི་སྲས་ཀྱི་ཐུ་བོ་མདོ་ཤུལ་འཇིགས་མེད་འོད་ཟེར་གྱིས་སྤྲུལ་བའི་སྐུ་པདྨ་དཀར་པོའི་གསུང་གིས་བསྐུལ་བ་དང་དུ་བླངས་ཏེ། རྗེ་བཙུན་འཇམ་པའི་དབྱངས་མི་ཡི་ཤ་ཚུགས་སུ་ཕེབས་པའི་རྗེ་བཙུན་བླ་མ༧འཇམ་དཔལ་རོལ་བའི་བློ་གྲོས་དཔལ་བཟང་པོའི་བཀའ་དྲིན་གྱིས་གཞུང་ལུགས་དུ་མ་ལ་དཔྱོད་པའི་སྒོ་ཐོབ་པ། བློ་བཟང་མདོ་སྔགས་ཆོས་ཀྱི་རྒྱ་མཚོས་གུས་པའི་བསྟོད་ཚིགས་སུ་བསྒྲིགས་པ་དགེ་ལེགས་འཕེལ།། །།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།