ཞྭ་དམར་ཆབ་ཤོག་ལས་ཇ་སག་ཐོ་ཡོན་དགེ་ལེགས་ལ་སྤྲིངས་པ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-08-18 06:52:27     རྩོམ་པ་པོ།   ཞྭ་དམར་པཎྜི་ཏ།    ཀློག་ཐེངས།  

དགེ༷་ལེག༷ས་རླབས་ཕྲེང་དུས་ལས་ཡོལ་མེད་པར། །

འགྲེམ་པའི་ལེགས་བཤད་ཡིད་བཞིན་རྒྱ༷་མཚོ༷འི་ངོགས། །

དོན་ལྡན་སྙིང་པོའི་རིན་ཆེན་འཚོལ་མཁས་པའི། །

རྣམ་དཔྱོད་ལང་ཚོའི་སྒེག་འཆང་དེར་སྤྲིངས་པ། །

ཀ་ཡེ་འཛམ་གླིང་ཡངས་པའི་བྱང་གི་ཕྱོགས། །

ཁ་བ་ཅན་ཡུལ་མདོ་སྨད་ཁྲི་ཀའི་ལྗོངས། །

གབ་རོམ་ཉེ་འཁོར་རང་བྱུང་ཁྲུས་རྫིང་དུ། །

ང་སྙམ་མེད་པའི་དམན་སར་གནས་ལགས་སམ། །

ཅ་ཅོའི་རྒྱ་བོད་སྐད་རིགས་རྣམ་འགྱུར་དང་། །

ཆ་ལུགས་སེར་སྐྱ་ཕོ་མོའི་བརྟུལ་ཞུགས་དང་། །

ཇ་མར་འཛོམ་དང་དཀོན་པའི་ཁྱད་པར་སོགས། །

ཉམས་སུ་མཚར་བའི་ལྟད་མོ་མང་མཐོང་ངམ། །

ཏཱ་དཀར་ཅོག་སྦིས་ཁུར་ནས་རང་གཅིག་པུར། །

ཐ་ན་བྲོ་ཆས་ཙམ་ཡང་མ་མཆིས་པར། །

ད་ལྟ་གློ་བུར་གཞན་ཡུལ་འཁྱམས་པ་འདིས། །

ནམ་ཡང་ཡིད་སྐྱོའི་ཆིག་ལབ་མ་ཤོར་རམ། །

པ་ཊ་ལྟ་བུར་འཁྱོག་པའི་སེམས་ལྡན་རྣམས། །

ཕ་རོལ་བསླུ་ཕྱིར་དྲང་བའི་ཚུལ་བཟུང་སྟེ། །

བཱ་ཁ་ཐམས་ཅད་ཉུལ་ནས་ཟས་དང་ནོར། །

མ་ལུས་རྐུ་བའི་ཁྱད་ཆོས་མཐོང་ངམ་ཅི། །

ཙ་ཏུར་མཆེ་གཙིགས་ཁྱི་དང་རྐུན་པོ་རྣམས། །

ཚ་ཟེར་ནུབ་རྗེས་རི་ཀླུང་ཀུན་འགྲིམས་ཏེ། །

ཛ་ཡའི་རྗེས་འབྲང་དག་གི་ཡོ་བྱད་རྣམས། །

ཝ་ལྟར་འཇབ་ནས་ལེན་པ་ཅིང་ཕོད་དམ། །

ཞྭ་གོས་བཟང་ལ་རིན་ཐང་ཆེ་བ་དང་། །

ཟ་འདོད་ཤ་མར་ཐུད་གསུམ་འཛོམ་པའམ། །

འ་འུན་གྲགས་པའི་མཚན་སྙན་ཅན་ཡིན་ཡང་། །

ཡ་མེད་སྡིག་པའི་མདུང་ལ་སུ་མི་སྐྲག །

རྭ་གདེངས་ཁྱུང་མིང་འཆང་བའི་ཡུལ་ལྗོངས་འདིར། །

ལ་ལུང་དབེན་པ་བསྟེན་པའི་ཀུན་སྤངས་རྣམས། །

ཤ་མར་ཕྱེ་རྩམ་སྲོག་འཚོ་ཙམ་བསྟེན་ནས། །

ས་ལམ་རིམ་གྱིས་བགྲོད་ལ་ཡི་རང་བྱོས། །

ཧ་ཧ་དོན་ཆུང་ཀུ་རེའི་ཚིག་ཕྲེང་འདི། །

ཨ་མདོའི་ཡུལ་གྱི་བླ་རྒན་ལྡོམ་བུ་པས། །

དཔྱོད་ལྡན་དགེ་ལེགས་ཡིད་ཀྱི་མཚོ་རྫིང་དུ། །

ངལ་སྐྱོའི་རྙོག་པ་དྭངས་ཕྱིར་སྤེལ་བ་དགེ །

ཞེས་འགྱངས་མིན་འདི་ཀར་འབོད་པའི་བྱ་མ་རྟའི་དོད་དུ་ཟླ་༥ཚེས་༢༥ལ་བུ་རམ་གྱི་རྟེན་བཅས་སྤྲིངས།


               ༼ གློག་རྡུལ་ཡི་གེ་གནང་ནས་མཚམས་སྦྱོར་མཁན། དྷཱིཿ  ཚ། རྨོག་རུ་སངས་རྒྱས་རྒྱ་མཚོ། ༽

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།