ཞྭ་དམར་ཆབ་ཤོག་ལས་རྣམ་འཕྱང་ལོར་རྫོགས་ཆེན་གྲུབ་དབང་པདྨ་རིག་འཛིན་གྱི་མཆོག་སྤྲུལ་རིན་པོ་ཆེས་གསུང་འཕྲིན་ཚིགས་སུ་བཅད་པ་སྔ་ཕྱིར་བྱུང་བའི་ལན་དུ་སྤེལ་བ་དྲི་ཟའི་རོལ་མོ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-08-18 06:50:18     རྩོམ་པ་པོ།   ཞྭ་དམར་པཎྜི་ཏ།    ཀློག་ཐེངས།  

ཚོགས་གཉིས་ཡིད་བཞིན་རྒྱ་མཚོར་ལྷུན་ཆགས་པའི། །

སྙིང་རྗེའི་རིན་ཆེན་བ་གམ་མངོན་མཐོའི་གཞིར། །

ཀུན་གཟིགས་ཡེ་ཤེས་སྤྱན་སྟོང་རྣམ་བཀྲའི་ལྷ། །

སྲིད་ཞིའི་གཙུག་རྒྱན་གང་དེའི་ཞབས་པདྨོར། །

མི་མཉམ་བྱམས་བརྩེའི་ཟླ་ཤེལ་ལས་སྤྲོས་པའི། །

གསུང་སྙན་འོད་དཀར་འཕྲེང་བ་ཐོས་འཛིན་མཚོར། །

འཕོས་ཙམ་ཉིད་ནས་ཡིད་ཀྱི་ཀུ་མུད་ཚལ། །

བདེ་ཆེན་སྦྲང་རྩིའི་མངར་བའི་བཅུད་དུ་སྨིན། །

སྐབས་གསུམ་རོལ་མོའི་གདངས་སྙན་ཟིལ་གནོན་པའི། །

ཉམས་ལྡན་དབྱངས་ཀྱི་དཀྱིལ་འཁོར་རྫོགས་པའི་གླུ། །

མཁས་རྣམས་མངོན་བཞེད་རྒྱན་གྱི་རྩེར་སོན་པ། །

ཀུན་རྨོངས་དབུལ་བ་འཕྲོག་པའི་སྐྱེས་སུ་ཐོབ། །

འདི་ན་མ་བརྟགས་ཉམས་དགའི་ནགས་ཀླུང་དུ། །

ཚུལ་འཆོས་མཁར་བ་འཁྱོག་པོར་ཡོངས་བརྟེན་ནས། །

རིགས་མཐུན་སྣང་བ་འབྲིད་པའི་ཐབས་ཚུལ་གྱིས། །

འཚོ་བའི་ཉི་མ་ཡོལ་གྱིན་བློ་བདེར་གནས། །

             མཚམས་ཞུ།

ཡིད་ཅན་ཀུན་གྱི་མ་འདྲིས་མཛའ་བའི་གཉེན། །

ཟླ་མེད་ཟས་གཙང་སྲས་པོའི་ལུང་རྟོགས་ནོར། །

སྲིད་ཞིའི་གདུང་བ་འཕྲོག་པའི་ཁྱད་ཆོས་ཅན། །

ཆེར་སྙིགས་དྲི་མས་གཡོགས་པ་ཡིད་སྐྱོའི་གནས། །

ཁྱད་པར་སྐྱེ་རྒུའི་ཕན་བདེ་ཁམས་ཟས་སུ། །

བྱེད་ལ་དཔའ་བའི་གདུག་ཅན་རྩོད་པའི་རོ། །

སྤྱི་མཐུན་ལས་ངན་གདོན་གྱིས་ཉེར་བསླངས་ཚེ། །

འཇིགས་རུང་མཚོན་ཆའི་བསྐལ་པ་སླེབས་པ་སྙམ། །

དེ་ཕྱིར་སྤང་རྟོགས་དཀྱིལ་འཁོར་རྫོགས་པའི་ཉི། །

དཔག་དཀའི་ཡོན་ཏན་གཟི་བྱིན་བལྟར་མི་མངོན། །

མཚུངས་མེད་སྲིད་པའི་མིག་གྱུར་ཁྱེད་ཁོ་ནས། །

བཤད་སྒྲུབ་ཆོས་ཀྱི་སྒྲོན་མེ་འདེགས་པར་འོས། །

བླ་མེད་ཡེ་ཤེས་ལྔ་ལྡན་རྒྱལ་སྲིད་ཆེར། །

ཟབ་གསང་ཐེག་རྩེའི་འཁོར་ལོས་སྒྱུར་བ་ཁྱོད། །

སྨྲ་མཁས་རྒྱལ་ཕྲན་བྱེ་བའི་འཁོར་དབུས་སུ། །

ངེས་གསང་གདམས་པའི་སྒོ་བརྒྱ་དབྱེ་བར་མཛོད། །

དེ་སླད་སྐལ་བཟང་ཡོངས་ཀྱི་ཟུར་ཕུད་རྩེར། །

བཀྲ་ཤིས་འཁོར་ལོའི་རི་མོ་རྣམ་བཀྲའི་ཞབས། །

རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཅིངས་པའི་མདུད། །

ནམ་ཡང་མི་འགྲོལ་བརྟན་པར་བཞུགས་གསོལ་འདེབས། །

བདག་ཀྱང་མ་འོངས་སྲིད་པའི་ཕྲེང་འགྲིམ་ཚེ། །

ཟོལ་མེད་ཐུགས་རྗེའི་ཕྱག་གིས་དམ་བཟུང་ནས། །

ཡང་དག་བྱང་ཆུབ་ལམ་དུ་བཀྲིར་གསོལ་ན། །

ཞལ་བཞེས་ཡིད་ཀྱི་གསོས་སྨན་དེང་སྩོལ་ཞིག །

དེ་སྐད་དཎྜིའི་གཞུང་ལ་མ་སྦྱངས་པས། །

སྡེབ་ལེགས་རྒྱན་གྱི་ཕྲེང་མཛེས་སྤེལ་དཀའ་ཡང་། །

གྲོང་གཏམ་དབྱངས་སུ་བསྒྲགས་པའི་ཚིགས་བཅད་འདི། །

ཞུམ་བཞིན་མཁས་པའི་མདུན་སར་ཕུལ་བ་དགེ །

ཞུ་འདེགས་མཚོན་པར་གོས་དམར་སེར་བུབས་ལྷ་རྫས་བཅས་རྣམ་འཕྱང་ཟླ་ཚེས་ལ་དབེན་པའི་ནགས་ཁྲོད་བསམ་གཏན་གླིང་ནས་གུས་པ་ཆེན་པོས་ཕུལ།

༼ གློག་རྡུལ་ཡི་གེ་གནང་ནས་མཚམས་སྦྱོར་མཁན། དྷཱིཿ  ཚ། རྨོག་རུ་སངས་རྒྱས་རྒྱ་མཚོ། ༽

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།