ཞྭ་དམར་ཆབ་ཤོག་ལས་མེ་སྤྲེལ་ལོར་ཀིརྟི་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་འཕྲིན་ལས་ནས། ༸ ཤིང་བཟའ་རྡོ་རྗེ་འཆང་ཆེན་པོར་སྙན་ངག་གི་འཕྲིན་ཡིག་བྱུང་བའི་ལན་དུ་སྤེལ་བ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-08-18 06:49:41     རྩོམ་པ་པོ།   ཞྭ་དམར་པཎྜི་ཏ།    ཀློག་ཐེངས།  

དགེ་ལེགས་བདུད་རྩིའི་རྒྱ་མཚོར་སྐྱེད་བསྲིངས་པའི། །

བློ༷་བཟ༷ང་དཀྱིལ་འཁོར་ཡོངས་རྫོགས་སྨྲ་བའི་ཟླ། །

གཞན་ཕན་འཕྲི༷ན་ལ༷ས་ཟེར་བརྒྱས་རིས་མེད་འགྲོའི། །

ཡིད་ཀྱི་གདུང་འཕྲོག་གང་དེའི་ཞབས་པདྨོར། །

མི་ཕྱེད་དད་མོས་རླུང་གིས་རབ་བསྐྱོད་པའི། །

རྒས་འཁོགས་ལུས་ཀྱི་འཁྲི་ཤིང་བསོད་ནམས་འབྲས། །

འཐུ་བར་ལན་མང་འདུད་པའི་ཕྱག་དང་བཅས། །

ཞུ་གསོལ་མགྲིན་པའི་རྒྱུད་སྟོང་སྦྲེང་འདི་གསོན། །

མཛད་བཟང་འོད་རྣོན་འབུམ་གྱིས་ས་གསུམ་ཁྱོན། །

ཅིག་ཆར་སྣང་བའི་བྱེད་པོ་འཚོ་གཞེས་ངོས། །

སྙན་འགྱུར་གསུང་འཕྲིན་དབྱངས་ལྡན་ལྷའི་རོལ་མོ། །

སྐྱེས་བཟང་མེ་ཏོག་ཆར་དང་ལྷན་ཅིག་འཁྲོལ། །

དེ་ཚེ་མགོན་ཁྱོད་དྲན་པའི་སྐྱོ་ཤས་མུན། །

ཡིད་མཁར་སྤྲིན་ཕུང་ཇི་བཞིན་དྭངས་པའི་མོད། །

གློ་བུར་རབ་དགའི་ས་ལ་འཕོས་འདྲ་བའི། །

སྔོན་མེད་སིམ་པའི་ཚོར་བ་ཉམས་སུ་མྱོང་། །

འདི་ན་ཐོས་དོན་རྩེ་གཅིག་སྒྲུབ་པའི་ནོར། །

མ་རྙེད་རྒ་བའི་ཁུར་གྱིས་ཡིད་སྐྱོ་ཡང་། །

བསྟན་ལ་རི་མོར་བགྱིད་པའི་ལྷག་བསམ་མདངས། །

རབ་གསལ་སྟོན་ཟླ་རྒྱས་པའི་ལང་ཚོར་འགྲན། །

         མཚམས་ཞུ།

ཐུབ་གསུང་ཉལ་འགྲོའི་རྒྱུན་མང་ཆོས་དབྱིངས་མཚོར། །

གཞོལ་བའི་ཁྱད་པར་མཚུངས་མོད་ལོག་རྟོག་དྲི། །

དག་བྱེད་ཆོས་ཚུལ་ཡན་ལག་བརྒྱད་ལྡན་ཀླུང་། །

འདོད་རྒུའི་རིན་ཆེན་འགྲེམ་པ་གཞན་ཡོད་མིན། །

དེ་ཕྱིར་དྲི་མེད་ལུགས་བཟང་ནོར་བུའི་གདུགས། །

བཤད་སྒྲུབ་དཔུང་བ་བརྟན་པོས་བླ་ནས་བླར། །

འདེགས་པའི་ཐུགས་བསྐྱེད་གོ་ཆ་རབ་བཞེས་ནས། །

མཁའ་མཉམ་སྐྱེ་རྒུའི་ཡིད་ཀྱི་གདུང་སེལ་འཚལ། །

ཁྱད་པར་ཡ་མཚན་མདངས་བཀྲའི་ར་གན་འགའ། །

གསེར་དུ་རྫུ་བས་བློ་དམན་འབྲིད་མཐོང་ཚེ། །

དཔྱད་པ་གསུམ་གྱི་བརྟགས་པས་ལེགས་ཉེས་ཆ། །

མ་ནོར་འབྱེད་པ་མཁས་དབང་ཁྱོད་འདྲའི་ལས། །

ཆེར་རློམ་གཞན་དག་ལེགས་བཤད་སྨྲ་བའི་ལྗགས། །

མི་སྐྱོང་སྲིད་འབྱོར་སྡུད་པའི་ཐབས་སེམས་དུས། །

འཇམ་མགོན་བླ་མའི་ལུང་རྟོགས་གཅེས་ནོར་ཀུན། །

ཁྱོད་ཉིད་ཁོ་ནས་བདག་གིར་མཛད་འདི་མཚར། །

མཚུངས་མེད་རྣམ་དཔྱོད་འདབ་མ་བརྒྱ་གྲོལ་བའི། །

སྒོ་གསུམ་སྤྱོད་ཚུལ་བག་ཡོད་ཆུ་སྐྱེས་དཀར། །

ལྷག་བསམ་མངར་བའི་བསུང་ཞིམ་མཐའ་དབུས་ཀྱི། །

སྐལ་བཟང་བུང་བ་འདུ་བའི་ཉེར་འཚོར་གྱུར། །

དེ་སླད་མཁའ་མཉམ་འགྲོ་རྣམས་སྲིད་གསུམ་མཚོའི། །

ཕ་རོལ་ཀུན་མཁྱེན་གླིང་དུ་ཁྲིད་མིན་པ། །

དེ་སྲིད་འཁོར་ལོས་མཚན་པའི་ཞབས་སྐྱེས་ཟུང་། །

འཕོ་མེད་རྡོ་རྗེའི་ཁམས་སུ་བརྟན་བཞུགས་གསོལ། །

ཐུགས་དམ་སྲུང་བ་མི་ཤིགས་འཁོར་ལོའི་ཁྱིམ། །

ཡེ་ཤེས་མེ་འོད་འབར་བས་འཁྱུད་པའི་དབུས། །

རྒན་པོའི་ལུས་སེམས་རྣམ་ཀུན་བཅུག་པའི་མཐུས། །

ཕྱི་ནང་བདུད་སྡེའི་གཡུལ་ལས་རྣམ་རྒྱལ་མཛོད། །

སླད་ཆད་མཐོ་དམན་འབྱོར་རྒུད་ཇི་ལྟར་ཡང་། །

ཀུན་ལ་ཕན་སེམས་བཙོ་མའི་གསེར་སྦྱངས་བཞིན། །

འགྱུར་བ་མེད་པའི་རང་མདངས་ངོམས་བཞིན་དུ། །

གཞན་ཕན་རྩེ་གཅིག་སྒྲུབ་པར་བྱིན་གྱིས་རློབས། །

དེ་སྐད་རིག་གཞུང་རྒྱ་མཚོར་མ་བགྲོད་པས། །

སྙན་ངག་ནོར་བུའི་རྒྱན་ཕྲེང་སྤེལ་དཀའ་ཡང་། །

ཞུ་མཆིད་གསོང་བོར་བསྡེབས་པ་རང་གི་སེམས། །

མཚོན་པའི་དར་དཀར་སྐྱེས་བཅས་ཕུལ་བ་ལགས། །

ཞེས་ཁྲུམས་ཟླའི་དཀར་ཕྱོགས་རྒྱལ་བ་དང་པོའི་ཚེས་ལ་ཁྲི་ཀ་བོད་ཇོའུ་དགོན་ཐོས་བསམ་དར་རྒྱས་གླིང་ནས་གུས་པ་ཆེན་པོས་ཕུལ།

     ༼ གློག་རྡུལ་ཡི་གེ་གནང་ནས་མཚམས་སྦྱོར་མཁན། དྷཱིཿ  ཚ། རྨོག་རུ་སངས་རྒྱས་རྒྱ་མཚོ། ༽

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

 ཞྭ་དམར་ཆབ་ཤོག་ལས་

བརྒྱུད་འགོད།