ཞྭ་དམར་ཆབ་ཤོག་ལས་སྒྲུབ་ལ་གཅིག་ཏུ་གཞོལ་བའི་ཀུན་སྤངས་ཡང་རོང་བློ་བཟང་དོན་གྲུབ་ནས་སྙན་ངག་གི་འཕྲིན་ཡིག་བྱུང་བའི་ལན་ཚངས་སྲས་དགྱེས་པའི་དབྱངས་སྙན།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-08-18 06:48:17     རྩོམ་པ་པོ།   ཞྭ་དམར་པཎྜི་ཏ།    ཀློག་ཐེངས།  

བློ༷་གྲོས་བཟ༷ང་པོའི་མེ་ལོང་ཇི་སྙེད་པའི། །

ཆོས་ཀྱི་རང་གཟུགས་རྣམ་པ་ཐམས་ཅད་པ། །

འཆར་བཟོད་ལེགས་བཤད་ཆར་དུ་འབབས་པའི་དབྱིག །

དོན༷་ལྡན་བསྔགས་པའི་འོས་སུ་གྲུབ༷་པ་དེས། །

ངོ་མཚར་རྒྱན་གྱིས་སྤུད་པའི་སྙན་ངག་གཏམ། །

ཉམས་འགྱུར་ལྡན་པའི་དབྱངས་སྙན་འཁྲོལ་བའི་ཚེ། །

དབྱངས་ཅན་རིག་པའི་སྒྱུ་འཕྲུལ་འདི་ལྟ་ཞེས། །

ཤེས་པ་ལྡན་པ་ཀུན་ཡིད་ཅིག་ཆར་འཕྲོག །

གསུང་རབ་རྒྱ་མཚོའི་ཕ་མཐའ་རྣམ་དཔྱོད་གྲུས། །

མངོན་སུམ་འཇལ་བའི་དམ་བཅའ་ལས་གཞན་དུ། །

མི་ཕྱེད་རྡོ་བའི་ངོས་ཀྱི་རེ་ཁ་ཞིག །

ཨེ་མ་ཁྱོད་ཀྱི་སྐལ་བར་བྱེད་པོས་སྤྲུལ། །

ཁྱད་པར་མི་ཟད་སྤོབས་པའི་མཚོ་གླིང་དུ། །

སྨིན་པའི་སྙན་ངག་རིན་ཐང་བྲལ་བའི་ནོར། །

སྐལ་བཟང་རྣ་བར་བདུད་རྩིའི་ཆར་འབེབས་པ། །

འདི་ཙམ་བསྟན་ལ་སྲིད་ཞིར་འོས་པའི་ཡོན། །

མང་ཐོས་སྣང་བ་ཆེན་པོས་ཀུན་རྨོངས་མུན། །

འཕྲོག་བྱེད་དམ་པའི་ཉི་མ་རེ་རེས་ཀྱང་། །

བསྟན་ལ་རི་མོས་བགྱིད་པའི་ཚུལ་འདི་འདྲའི། །

ཀུན་དགའ་བདུད་རྩིའི་བསངས་གཏོར་སྙིང་ལ་བསིལ། །

འདི་ན་གཏན་དུ་སྨན་པའི་སྙིང་པོའི་ནོར། །

འདི་སྣང་རྐུན་པོར་ཤོར་བའི་ལག་སྟོང་ཞིག །

ཚུལ་འཆོས་མཁར་བ་འཁྱོག་པོར་བརྟེན་ནས་སླར། །

ཚེ་ལྷག་སྟོང་པར་བྲི་པའི་ཐབས་ལ་བརྩོན། །

བག་ཡོད་གོས་བཟང་རལ་བའི་ངུར་སྨྲིག་གཟུགས། །

ཆོས་བརྒྱད་ཟློས་གར་སྒྱུར་མཁས་ཀུན་སྤངས་མིང་། །

རྣམ་གཡེང་བསམ་གཏན་འཕེལ་བའི་སྒོམ་ཆེན་བདག །

གཉིས་མེད་སེདྒེར་གྱུར་པ་ད་གདོད་ཤེས། །

འོན་ཀྱང་ཆོས་སྤྱན་ཡངས་པའི་གྲོགས་ཁྱོད་ཀྱིས། །

བོང་བ་གསེར་དུ་བསྔགས་པའི་མེ་ཏོག་ཕྲེང་། །

མངོན་སུམ་ཐོབ་པའི་དགའ་བ་འདི་ཙམ་ཞིག །

ད་དུང་ཁྱོད་ཞལ་མཐོང་བས་མཚོན་པར་རེ། །

འཕྲལ་སྣང་རྐྱེན་གྱིས་མི་ཕྱེད་མཛའ་བའི་སེམས། །

གཅིག་ཏུ་དཀར་བའི་རང་བཞིན་མཚོན་པའི་སླད། །

ཚངས་སྲས་རིག་པའི་རྒྱུད་མངས་ལས་དྲངས་པའི། །

གསུང་འཕྲིན་གདྒཱའི་རྒྱུན་དུ་འབེབས་པར་འཚལ། །

དེ་སྐད་བློ་གྲོས་ནོར་གྱིས་དབུལ་བ་ལ། །

སྙན་ངག་སྐྱེས་སུ་འོས་པ་མ་དམིགས་ཀྱང་། །

བྱིས་བློའི་ཁྲོན་པར་འཁྱིལ་བའི་གྲོང་ཚིག་ཆབ། །

དྲན་དབང་ཁྱོད་ཞབས་བསིལ་བའི་མཆོད་པར་འབུལ། །

  ༼ གློག་རྡུལ་ཡི་གེ་གནང་ནས་མཚམས་སྦྱོར་མཁན། དྷཱིཿ  ཚ། རྨོག་རུ་སངས་རྒྱས་རྒྱ་མཚོ། ༽

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།