།བཅོམ་ལྡན་འདས་རྗེ་བཙུན་མ་ཀུ་རུ་ཀུལླཻ་ལ་བསྟོད་པས་གྲུབ་པ་ཐུགས་རྗེ་རྣམ་པར་རོལ་བའི་ང་རོ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-06-13 07:39:25         ཀློག་ཐེངས།  

༄༅།  །རྗེ་བཙུན་ངག་གི་དབང་བོ་ལ་ཕྱག་འཚལ་ལོ། །ཕུན་ཚོགས་བློ་ཆེན་དྲི་མེད་སྣང་བ་ཕྱོགས་ཀྱི་མཐར་སྤྲོ་ཀུན་རྨོངས་མུན་པས་ནམ་ཡང་སྒྲིབ་མེད་མྱང་འདས་ཞི་བའི་འཆི་མེད་ལམ་བཟང་སྐྱེད་ཚལ་ཉམས་དགར་ཏིང་འཛིན་མལ་དུ་དངོས་འཛིན་འོག་པག་ལྷུང་གྱུར་ཅིག། སྙིང་རྗེའི་ལང་ཚོ་ཡོངས་སུ་རྫོགས་པ་མཛེས་སྡུག་ཡབ་ཀྱི་རག་པ་ལས་འདས་སྤུ་ལོང་རྣམ་རྒྱས་དཔའ་བོའི་བརྟན་པ་གཅིག་ཆར་འགོག་མཁས་མ་མཆུའི་སྦྲང་རྩི་ཉེར་སྟེར་ཚེམ་ཕྲེང་རྒྱུ་སྐར་བུ་མོའི་དཔལ། །བདེ་ཆེན་བདག་པོའི་རོ་འཛིན་གློག་གི་གོ་དམར་གོས་གྱོན་བིམ་པའི་མདངས་བཟང་མཚོན་རིས་བཀྲ་བའི་མཆུ་སྒྲོས་ཟུང་དག་འདབ་བརྒྱའི་འདབ་མ་ཞལ་རས་ཟླ་བའི་འོད་ཀྱིས་འཛུམ་ཞིང་མཐོན་མཐིང་དབུ་སྐྲའི་འཆིང་བ་ལྷོད། །གང་ཡང་སྟོང་ཉིད་ཡོལ་བའི་ཕག་ཏུ་འདོད་སྒྲོགས་རྣམ་པར་སྦེད་མཁས་སྒྲུབ་པོ་མཐའ་དག་སྐྱབས་པ་ལ་རེངས་གར་གྱིས་གོམ་སྟབས་མྱུར་འགོད་ཞབས་གདུབ་རིན་ཆེན་ཆུ་བོའི་རལ་པས་རལ་བའི་ཕྲེང་མཛེས་གྱུར་ཅིག། དཔལ་ལྡན་ཉིན་བྱེད་བྱེ་བའི་འོད་ཟེར་གྱི། །མདངས་ཀྱིས་འཁྱུད་པ་པད་མ་ར་ག་ཡི། །རི་དབང་སྣ་ཚོགས་གར་གྱིས་རོལ་བའི་དཔེས། །རྗེས་སུ་དཔག་བྱ་བཅོམ་ལྡན་མ་དེར་འདུད། །སྐལ་བཟང་དགེ་སྤྱད་ལི་ཁྲིའི་ཆུ་གཏེར་ངོགས། །འདམ་སྐྱེས་བནྡྷུཛིབའི་འདབ་མ་ལ། །མཚན་དཔེ་གློག་ཕྲེང་འཁྱུག་པ་ཁྱོད་ཀྱི་སྐུ། །མཐོང་ན་རབ་དགའ་དེ་ལ་ཕྱག་འཚལ་ལོ། །ཚོགས་གཉིས་གསེར་ལྡན་དཔལ་ལས་ཀེ་ཤུ་ཀའི། །འཁྲི་ཤིང་མཁའ་ཡི་རྩེ་མོ་འཇལ་བ་ཞིག། རབ་འཁྲུངས་སྐྱེ་དགུའི་རེ་སྐོང་དཔག་བསམ་ཤིང་། །འདོད་དགུའི་དངོས་གྲུབ་སྩོལ་ལ་ཕྱག་འཚལ་ལོ། །

དགེ་ལེགས་དཔྱིད་ཀྱི་དཔལ་མོ་མགོན་ཁྱོད་ཀྱི། །ལང་ཚོའི་རྩི་ཐོག་བསྐྱེད་པའི་ཁུར་གྱི་ངལ། །དངོས་གྲུབ་གེ་སར་རྒོད་པའི་བཅུད་བཟང་གིས། །རྒུད་པའི་གོ་སྐབས་འཕྲོག་ལ་གསོལ་བ་འདེབས། །ཀུ་རུ་ཀུ་ལེ་ཞེས་བྱ་ཁྱོད་ཀྱི་མཚན། །འཛིན་པ་དེ་དག་འགྲོ་འདི་དབང་མེད་དུ། །དགའ་བའི་འཆིང་བྱེད་རིགས་སྔགས་མཁན་པོ་སྟེ། །ཀུན་དགའི་འབྱུང་གནས་ཆེ་ལ་ཕྱག་འཚལ་ལོ། །ཁྱོད་སྐུའི་རབ་དམར་མདངས་བཟང་བརྒྱ་བྱིན་གཞུའི། །དང་བ་ཕམ་བྱེད་འོད་ཀྱིས་ཕྱོགས་ཀུན་འགེངས། །ཐུན་མཚམས་སྤྲིན་གྱི་བུ་མོ་སྐྱེངས་པའི་གདོང་། །ངོ་འཛུམ་གནག་པར་མཛད་ལ་ཕྱག་འཚལ་ལོ། །ས་སྲུང་བུ་ཡི་འདྲེན་བྱེད་ལི་ཁྲིའི་ཚོན། །བྱེ་བས་འཁྱུད་པས་དངོས་ཀུན་ཕ་མཐའ་ལ། །འོད་ཟེར་འགྱེད་ཀྱང་དེ་ནི་ཁྱོད་སྤྱན་གྱི། །དཔེར་ཡང་བཟོད་པ་མིན་ལ་ཕྱག་འཚལ་ལོ། །སྒེག་ལྡན་མཐེབ་སོར་འཇམ་པོས་བསྐུལ་བ་ལས། །གཞུ་རྒྱུད་སྒྲ་དབྱངས་དབྱར་སྐྱེས་རྔ་གསང་སྟོང་། །ངོ་མཚར་བགྱིད་འདིས་དབྱངས་ཅན་རྒྱུད་མང་སྒྲ། །ངེས་པར་ཕམ་མཛད་དེ་ལ་ཕྱག་འཚལ་ལོ། །རབ་དམར་མཁུར་ཚོས་འོད་སྟོང་ཐིག་ལེའི་ཚོན། །འཕོས་པའི་ཉག་ཕྲན་སྙིང་ལ་རེག་པ་ན། །ཆགས་པའི་མྱོས་བྱེད་མདའ་ལྔའི་སྒྲོ་ལྡན་ནི། །དཔལ་འདིའི་རྗེས་སུ་སློབ་ལ་ཕྱག་འཚལ་ལོ། །སྙན་རྒྱན་རིན་ཆེན་འབར་བའི་འོད་རིས་ཅན། །སྒྲོ་འཛིན་གློག་ཕྲེང་གཡོ་བ་མདེའུ་ཡི། །སྤར་ཁྱིམ་ཅན་འདིས་མཁའ་ལྡིང་བཅོམ་པ་ན། །ཀླུ་དབང་ཚོགས་ཀྱིས་བསྔགས་ལ་ཕྱག་འཚལ་ལོ། །མཛེས་སྡུག་ཀུན་གྱི་རྩེ་ལ་འཛེགས་པ་ཁྱོད། །ཉི་མ་ཡིས་ཀྱང་འོད་ཟེར་སྤུ་ལོང་རྩེར། །པད་མའི་ནགས་དང་བདུད་སྡེ་ཤི་བའི་མགོར། །ཁྱོད་ཀྱི་ཞབས་འཐིལ་མཆོད་ལ་ཕྱག་འཚལ་ལོ། །ཟླ་བ་དམར་པོའི་ཞལ་ཅན་བརྒྱད་གཉིས་ཀྱི། །ལང་ཚོའི་ཡིད་འཕྲོག་རེག་བྱེད་ཕྱག་གི་ནི། །ཟེག་མས་ལྕགས་ཀྱུ་ཞགས་པའི་སྦྱོར་མཁས་ཀྱིས། །ས་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །འབུར་འབུར་ཟླུམ་རྒྱས་ནུ་མ་ཟུང་གི་རྩེར། །ཁྲོལ་ཁྲོལ་རིན་ཆེན་མགུལ་རྒྱན་སྒྲ་སྙན་སྒྲོག །འཛུམ་འཛུམ་སྙན་གོང་ཨུཏྤལ་རྒོད་པ་དེར། །ཡང་ཡང་ཟུར་མིག་མཛད་ལ་ཕྱག་འཚལ་ལོ། །ལྷག་ལྷག་འོད་འབར་ཉི་གཞོན་འཆར་གའི་སྐུ། །ཡང་ཡང་ལྟ་བས་ནམ་ཡང་མི་ངོམས་ཤིང་། །ཆིལ་ཆིལ་མིག་ཆུ་རྒྱས་པའི་གྲུབ་རིག་གིས། །མཐོང་མཐོང་མཆོད་ཡོན་སྦྱིན་དེར་ཕྱག་འཚལ་ལོ། །ཟུམ་ཟུམ་མིག་ཅན་དབུགས་བྲལ་སྐྱེ་བོའི་སྟེང་། །ལིང་ལིང་གཡོ་བའི་གར་སྟབས་རོལ་རྩེད་དང་། །ལྷང་ལྷང་གླུ་དབྱངས་གྲེ་འགྱུར་བྱེ་བ་བརྒྱས། །དུང་དུང་འགྲོ་ཡིད་འཛིན་ལ་ཕྱག་འཚལ་ལོ། །

གྲགས་པའི་རྗེས་འགྲོ་ནུས་ལྡན་བདེ་སོགས་ཀྱིས། །མ་ཚིམ་ཁྱོད་ཞལ་ལྟ་ཕྱིར་འོངས་པ་འདི། །ད་ལྟ་ནུ་ལྡན་ཀུན་ལ་ཆགས་བྲལ་ཏེ། །ཁྱོད་སྐུ་ཏིང་འཛིན་སྒྲུབ་ལ་ཕྱག་འཚལ་ལོ། །འདི་ན་ས་སྐྱོང་བཀའ་ཡིག་འཆང་བ་ལའང་། །རིམ་གྲོ་བགྱིད་ན་ཁྱོད་མཚན་འཛིན་པ་དེའི། །རྐང་རྡུལ་བདག་ཅག་སྤྱི་བོས་བསྟེན་འོས་ཞེས། །འགྲོ་འདིས་གཅིག་ཆར་སྒྲོག་ལ་ཕྱག་འཚལ་ལོ། །སྨིན་ལེགས་བྱི་རུའི་འཁྲི་ཤིང་འདོད་པ་འཇོ། །ནུ་འབུར་མེ་ཏོག་ཕོན་པོའི་ཁུར་གྱིས་དུད། །འདི་མཐོང་འཇིག་རྟེན་དཔག་བསམ་རྐང་འཐུང་ལ། །ནམ་ཡང་གུས་པས་དམན་ལ་ཕྱག་འཚལ་ལོ། །མཆོད་མཁས་མཆོད་སྦྱིན་བརྒྱ་བས་གཏོར་གྱུར་པ། །མཁས་མཆོག་འོད་ཀྱིས་སྣང་བྱེད་མནྡྷ་རའི། །མེ་ཏོག་མདངས་བཀྲ་ཁྱོད་སྐུའི་མདངས་འོད་ཀྱིས། །ཀུན་ཏུ་མོག་པོར་མཛད་ལ་ཕྱག་འཚལ་ལོ། །ཉིན་བྱེད་རྟ་མཆོག་འོད་ཟེར་ལྗང་ཁུ་ནི། །དམར་བོ་ཉིད་བྱེད་མཁའ་ཡི་མེ་ལོང་ཡང་། །ཁྱོད་དང་ཉེ་བའི་པད་མོའི་མཛེས་མཐུན་དུ། །བསྒྱུར་མཁས་མིག་འཕྲུལ་མཁན་དེར་ཕྱག་འཚལ་ལོ། །དད་པའི་ལྕགས་ཀྱུ་ལྕི་བའི་དབང་གྱུར་པ། །ཁྱོད་ཞབས་གཉིས་འཐུང་སེན་མོའི་མཆེ་བ་དྲུགན །རབ་དཀར་དངོས་གྲུབ་རིན་ཆེན་དྲ་བ་ཅན། །རལ་བའི་ནགས་ན་དགྱེས་ལ་ཕྱག་འཚལ་ལོ། །སྨྲ་མཁས་ཀུན་གྱི་མགྲིན་པ་རོ་འཛིན་གྱིས། །ཞགས་པས་འཆང་བྱེད་ཞབས་དྲུང་པ་ལ་ནི། །ཐལ་མོ་སྦྱར་བར་འགོད་མཁས་དབྱངས་ཅན་སྲས། །དྲན་དབང་གྲགས་པ་བསྟོད་ཚིག་ཕྲེང་བ་སྤེལ། །ཡིད་ཀྱི་པད་མཚོར་ངང་པ་དགའ་བ་ཁྱོད། །འདོད་པའི་སྙིང་ལ་བཟུང་སྟེ་སྙན་ཚིག་གི །འཛུམ་རླབས་དལ་བུས་གཡོ་བའི་མཆོད་ཡོན་གྱི། །འདོད་དགུའི་རྫ་རྔ་ཅི་ཡང་སྒྲོག་གྱུར་ཅིག །

ཅེས་པ་འདི་ནི་བཅོམ་ལྡན་འདས་ཤཱཀྱ་སེང་གེའི་རྗེས་སུ་སྐྱེས་བ་བླངས་པའི་རིག་སྔགས་འཆང་གྲུབ་པ། ཁ་བ་རི་བའི་སྙན་ངག་མཁན་ཆེན་པོ་ཞང་ཞུང་ཆོས་དབང་གྲགས་པ་ཞེས་བྱ་བས། དུས་ཀྱི་ལོ་ཆུ་སྟོད་ཀྱི་ཟླ་བ་ལ་འབྲོག་རི་བོ་ཆེ་དགའ་ལྡན་དུ་གྲུབ་པ་རེ་ཞིག་རྫོགས་སོ། །



རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།