ཞང་སྟོན་བསྟན་པ་རྒྱ་མཚོ་ཚང་གི་མགུར་མགོན་དུས་གསུམ་སངས་རྒྱས་མ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-07-02 07:27:09         ཀློག་ཐེངས།  

ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ།

མགོན་དུས་གསུམ་རྒྱལ་བ་ཐམས་ཅད་ལས།།

ཆེས་ལྷག་པའི་བཀའ་དྲིན་ཟླ་མེད་པ།།

ཕ་བློ་བཟང་གྲགས་པའི་ཞབས་པད་ལ།།

དྲིན་བསམ་གྱིན་དད་པས་ཕྱག་བགྱིའོ།།

དུས་སང་ཉིན་གནངས་ཉིན་ཟེར་མོད་ཀྱང་།།

སང་ཉི་མ་ཤར་དུས་དེ་རིང་ཡིན།།

སང་ཉིན་དེ་བཙལ་ན་གང་དུའང་མེད།།

མིང་ཙམ་གྱི་རྟེན་འབྲེལ་ཨེ་མ་ཧོ།།

དཔྱིད་ས་བོན་ལེགས་པར་ཐེབ་གྱུར་ན།།

སྟོན་ལོ་ཐོག་སྐྱེ་བར་ངེས་མོད་ཀྱང་།།

སྐྱེ་རྒྱུ་དེ་སྟོན་རྒྱུ་གང་ནའང་མེད།།

རྒྱུ་འབྲས་ཀྱི་རྟེན་འབྲེལ་ངོ་མཚར་ཆེ།།

ང་དགེ་སློང་ཡིན་ཞེས་ཟེར་མོད་ཀྱང་།།

ལུས་སེམས་གཉིས་གང་ཡང་དགེ་སློང་མིན།།

མཁན་སློབ་དང་ཆོ་གའི་རྟེན་འབྲེལ་ལས།།

སྒྱུ་མ་དང་འདྲ་བའི་དགེ་སློང་གྲུབ།།

ཁོ་མར་མེའི་སྣང་བ་འགག་པ་ན།།

གཟུགས་མུན་པ་ནག་པོ་ངེས་པར་སྐྱེ།།

ཞིག་པ་དེ་འདུས་བྱས་མ་ཡིན་ན།།

རྟག་པ་ལས་མུན་པ་ཇི་ལྟར་སྐྱེ།།

ལས་མི་དགེ་བསགས་པས་དམྱལ་བ་སྐྱེ།།

དམྱལ་བ་དང་མི་ཡི་གཞི་མཐུན་མེད།།

བསགས་མཁན་དང་མྱོང་མཁན་མི་གཅིག་ཀྱང་།།

ལས་འབྲས་ཀྱི་སྒྱུ་མ་བསླུ་བ་མེད།།

རིགས་དྲུག་གི་ཡིན་པ་མེད་ན་ཡང་།།

ང་གང་དུ་སྐྱེས་ཚེ་དེ་ཉིད་ཡིན།།

དེ་མིང་གིས་བཞག་ཙམ་མ་ཡིན་ན།།

འགྲོ་དྲུག་གི་གཞི་མཐུན་ཇི་ལྟར་འཇོག།

རང་རང་ལ་ང་ཞེས་འཆར་ན་ཡང་།།

མི་གཞན་ལ་ང་ཞེས་མི་འཆར་བའི།།

ཚུལ་དེ་ལ་ལེགས་པར་དཔྱད་པ་ན།།

ངར་འཛིན་གྱི་འཛིན་སྟངས་ལྷང་ལ་འབུད།།

ཁྱིམ་པ་དང་དགེ་ཚུལ་དགེ་སློང་དང་།།

དཀའ་བཅུ་དང་རབ་འབྱམས་དགེ་བསྐོས་སོགས།།

གཞི་མེད་ལ་མིང་གིས་བཏགས་ཙམ་གྱི།།

སྣང་སྟོང་གི་རྟེན་འབྲེལ་ངོ་མཚར་ཆེ།།

ལམ་བསྒོམ་པས་ཐར་བ་འཐོབ་མོད་ཀྱང་།།

བསྒོམ་དུས་སུ་ཐོབ་བྱ་མ་མཆིས་ཤིང་།།

ཐོབ་དུས་སུ་སྒོམ་མཁན་ཞིག་ནས་མེད།།

སྟང་སྟོང་གཉིས་དབྱེར་མེད་ཨ་ཧོ་རྨད།།

གཞི་ཡོད་ན་བཅོས་སུ་ཅི་ཞིག་དགོས།།

གཞི་མེད་ན་བཅོས་པས་ཅི་ཞིག་འགྲུབ།།

རྟེན་འབྲེལ་དང་སྟོང་བ་དོན་གཅིག་པའི།།

ཚུལ་དེ་ལས་ལྷག་པའི་ངོ་མཚར་གང་།།

དཔལ་སངས་རྒྱས་བསྐྱངས་དང་ཟླ་བའི་ཞབས།།

མི་བདག་ཅག་མགོན་དུ་བྱོན་པ་ཡི།།

སྐྱབས་འཇམ་དབྱངས་བཞད་པའི་བཀའ་དྲིན་ལས།།

དུས་དེ་རིང་དགའ་བའི་གླུ་འདི་བླངས།།

ཞེས་པ་འདི་ནི་གུང་རུ་ཡེ་ཤེས་མཁའ་འགྲོ་མའི་གཟིམ་ཁང་དུ།

ཤེར་ཕྱིན་ལབ་ཀྱི་སྒྲོན་མའི་མདུན་རང་གཅིག་བུར་གནས་ཚེ་དགའ་བའི་ཆིག་གླུ་ཐོལ་བྱུང་དུ་དགེ་སློང་བསྟན་པ་རྒྱ་མཚོས་བླངས་པའོ།།

རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ།།

བན་རྒན་པོས་དེ་རིང་གླུ་ཞིག་ལེན།།

ཡོངས་ཡོས་པུའི་ལོ་ཡི་ལོ་མགོ་ལ།།

དབོ་ཟླ་བའི་ཡར་གྱི་བཅྭོ་ལྔའི་ཉིན།།

མི་ཁོ་བོ་བྱང་གི་ཕྱོགས་སུ་ཕྱིན།།

རྗེ་འཇམ་མགོན་བླ་མའི་སྐུ་བརྙན་དྲུང་།།

འབྲེལ་གང་ཐོགས་འགྲོ་ལ་ཕན་ནུས་པའི།།

སེམས་བསམ་པ་བཟང་བོ་ནན་ཏན་བསྐྱེད།།

དཔལ་བདེ་མཆོག་ཕོ་བྲང་བྲག་དཀར་དུ།།

མ་གུང་རུ་ཡི་ཤེས་མཁའ་འགྲོ་མའི།།

སྐུ་ཐ་མར་མཇལ་ཞིང་སྐྱབས་འཇུག་ཞུས།།

ཐུགས་བརྩེ་བས་ཞལ་གདམས་ལྷུག་པར་སྩལ།།

གནས་དེ་ནས་བྱང་དུ་འགྲོ་ཙ་ན།།

ལམ་བྲག་འཕྲང་བར་དོའི་འཕྲང་རིང་འདྲ།།

ཐང་སྐམ་པོ་རྩྭ་མེད་ཆུ་མེད་ལ།།

ཡུལ་ཀླ་ཀློའི་གྲོང་ཁྱེར་དུ་མས་གང་།།

རི་ཤ་ཁྲག་དམར་གྱི་གཏོར་མ་འདྲ།།

མི་དབུལ་བོ་ཡི་དྭགས་མངོན་སུམ་བཞིན།།

ས་རྩེ་གཞུང་སྐྱིད་པའི་སྨན་ལྗོངས་དྲན།།

དུས་དེ་རིང་དམྱལ་བར་སྐྱེས་སམ་སྙམ།།

གཞུང་ཤེར་ཕྱིན་མདོ་ལས་གསུངས་པ་བཞིན།།

ཞིང་སྦྱོང་བའི་སྨོན་ལམ་ཡང་ཡང་བཏབ།།

འབྲེལ་ཐོགས་ཚད་མི་དང་མི་མིན་ལ།།

དུས་གཏན་དུ་ཕན་པའི་གསོལ་འདེབས་བྱས།།

ཡང་སྐབས་འགར་འཁོར་བར་སྐྱོ་ཤས་བསྒོམས།།

ལུས་ཕེབས་བྱམས་ནང་དུ་བསྡད་ན་ཡང་།།

དུས་མི་རིང་ངན་སོང་འགྲོ་དགོས་པའི།།

ཚུལ་བསམ་གྱིན་སྙིང་ནས་སྐྱོ་བ་སྐྱེས།།

རྒྱུ་ནོམ་པ་རེ་བ་གཏན་ནས་མེད།།

མཚན་སྙན་གྲགས་བསམ་པ་བདག་ལ་མེད།།

མིང་གོ་ས་ཐོབ་འདོད་བདག་ལ་མེད།།

དོན་དེ་ཕྱིར་གཞན་དང་ང་མི་འདྲ།།

ཁོང་སེར་སྐྱ་དུ་མས་བསུ་བ་དང་།།

ཁ་ཟས་ཀྱི་བསྙེན་བཀུར་བྱས་ན་ཡང་།།

སྒྱུ་མ་ཡི་འཕྲུལ་འཁོར་མགོ་སྐོར་གྱིས།།

རྣམ་སྨིན་གྱི་བུ་ལོན་འགེལ་བར་མཐོང་།།

བུ་འགྲན་གྱི་དོ་མེད་ཧུ་ཐོག་ཐུ།།

བསུ་བ་ལ་ཕེབས་པ་མཇལ་མ་ཐག།

སྐུ་བགྲེས་པའི་རྣམ་པ་མཐོང་བ་ལས།།

སེམས་དབང་མེད་དགའ་སྐྱོའི་མཆི་མ་ཤོར།།

དགོན་བྱམས་པ་གླིང་གི་ཆོས་ཀྱི་སྡེར།།

གྲྭ་རྒན་གཞོན་མེད་པའི་སེར་ཕྲེང་བཅས།།

དཔལ་བླ་བྲང་བཀྲ་ཤིས་འོད་འབར་དུ།།

ལུས་ངལ་གསོས་སེམས་ཀྱི་རེ་བ་གྲུབ།།

བན་ཡོན་ཏན་དུལ་ཙམ་མེད་པ་ལ།།

ཞིང་ཁྱད་པར་ཅན་དུ་མཐོང་བ་ཡིས།།

བཀུར་སྟི་བསྙེན་བཀུར་བྱས་པ་དེ།།

ལས་བསོད་བསགས་པ་ལོས་ཀྱང་ཡིན།།

བསྟན་དར་ཀྱང་ཉམས་པའི་ས་ཕྱོགས་སུ།།

བསྟན་འགྲོ་ལ་ཕན་པ་ཅི་ནུས་ཀྱིས།།

རྗེ་ཉིད་ཀྱི་ཐུགས་བཞེད་སྐོང་བ་དང་།།

ཕ་བླ་མའི་ཞབས་འདེགས་བྱེད་པར་སྨོན།།

སླར་བཀྲ་ཤིས་གཡས་སུ་འཁྱིལ་བའི་སྡེར།།

རྗེ་ཐམས་ཅད་མཁྱེན་པའི་བསྟན་པ་ལ།།

རང་གང་ནུས་བྱ་བ་བྱེད་པ་རུ།།

སྐྱབས་ཀུན་མཁྱེན་བླ་མས་བྱིན་གྱིས་རློབས།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།