​ལྷ་རྗེ་དམ་པ་རྗེས་དྲན་དད་པའི་འཁྲི་ཤིང་།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-05-10 14:08:52     རྩོམ་པ་པོ།   དགེ་འདུན་ཆོས་གྲགས།    ཀློག་ཐེངས།  

ལྷ་རྗེ་དམ་པ་རྗེས་དྲན་དད་པའི་འཁྲི་ཤིང་།


       བླ་བྲང་། སྔགས་རམས་པ། དགེ་འདུན་ཆོས་གྲགས།


ན་མོ་གུ་རུ་མཉྫུ་གྷོ་ཥ་ས་ར་ཙ་ཧ་ས་བཛྲ་ཡ།

ཀ་ནས་དག་པ་གདོད་མའི་ཡེ་ཤེས་ཀྱི་རང་བཞིན།།

མཚར་སྡུག་ལང་ཚོར་སྨིན་པ་མཚོ་བྱུང་གི་ལྷ་མོས།།

ཚེམས་ཕྲེང་མུ་ཏིག་འཛུམ་པའི་འོད་ཀོར་གྱི་ཀློང་ནས།།

སྙན་ཚིག་ཨུཏྤལ་དཀར་པོའི་དངོས་གྲུབ་ཅིག་སྩོལ་རོགས།།


ཁ་བ་ཅན་ཞེས་བྱ་བ་འཛམ་གླིང་གི་ཡང་རྩེ།།

ཤམྦྷ་ལ་ཡི་ཡུལ་གྲུ་གཉིས་པ་དེར་ངེས་ཀྱང་།།

ལྔ་རིག་མེ་ཏོག་མཛེས་པའི་ཤེས་ཡོན་གྱིས་སྟོང་ན།།

གྲགས་སྐམ་འུད་ཀྱི་འབྲུག་སྒྲ་སྙན་མོ་དེས་ཅི་བྱ།།


ག་བུར་ཐིགས་ཕྲེང་འཇོ་བ་ཟླ་གཞོན་གྱི་ལང་ཚོ།།

མདོ་དབུས་མཐོ་སྒང་མཛེས་པའི་རྒྱན་ཆ་རུ་གྲུབ་ཀྱང་།།

མེས་པོའི་སྲོག་ཟུངས་རྒྱུ་བའི་འཕར་རྩ་དེ་འགག་ན།།

སྐྱི་པགས་ཕྱི་ཤུན་འཇམ་པའི་མཛེས་པ་དེས་ཅི་བྱ།།


ངའོ་སྙམ་པས་ཁེངས་པ་རི་རབ་ཀྱི་བརྗིད་ཉམས།།

སྟོང་གསུམ་ཁྱོན་ལས་འགོངས་པའི་རང་སྣང་དེ་མཐོ་ཡང་།།

གཞན་དོན་གཙོ་བོར་བྱེད་པའི་བརྩེ་སེམས་ཀྱིས་དབུལ་ན།།

ཕྱི་རྫིག་རྫ་ཁོག་སྐམ་པོའི་སྒྲོབ་ཉམས་དེས་ཅི་བྱ།།


ཅ་ཅོ་འདུ་འཛིས་དཀྲོགས་པའི་འཇིག་རྟེན་གྱི་ཁོར་ཡུག།

སྐད་ཅིག་ཐལ་བར་རློག་པའི་མྱུར་ཚད་དེ་སྐྱེན་ཡང་།།

ནང་གི་མཐུན་སྒྲིལ་རྡོག་རྩ་བརྟན་པོ་དེ་ཡོད་ན།།

སུ་དང་གང་ལ་ཡོད་པའི་གཡོ་ཇུས་དེས་ཅི་བྱ།།


ཆ་ལུགས་ཡ་མ་བརླ་ཡི་དུས་རབས་ཀྱི་འགྱུར་ལྡོག།

སྤྲིན་རུམ་གློག་གི་མཛེས་མའི་ལང་ཚོ་ལ་བསྲེལ་ཀྱང་།།

མི་འགྱུར་གོར་མ་རྡོ་ཡི་རང་ཚུགས་དེ་ཡོད་ན།།

དགེ་སྦྱོང་ཕ་ལམ་བྲག་ལ་ཕྱི་དགྲ་དེས་ཅི་ཚུགས།།


ཇ་མདངས་འོད་ཀྱིས་འཁྱུད་པའི་ངུར་སྨྲིག་གི་རྒྱལ་མཚན།།

ཤ་ཟད་རུས་ལ་ཐུག་རུང་མི་འབྲལ་བའི་ཆོད་སེམས།།

གཞོན་སྐྱེས་དུས་ནས་བརྟན་པའི་ཕྱག་རྒྱ་ཡི་རི་མོ།།

ནམ་ཡང་ཉམས་མེད་དོན་གྱི་དགེ་སྦྱོང་དེར་ཡི་རངས།།


ཉ་མོའི་འཁྱུགས་རྩལ་ལྟ་བུའི་ཤེས་རིག་གི་མདའ་མོ།།

གཞུང་ལུགས་རྡོ་རྗེའི་བྲག་ལ་ཨ་འཐས་སུ་ཟུག་པས།།

དོན་གཉིས་ཁྱུང་གི་དྭངས་མ་ཕུགསའདུན་དུ་ཐོབ་པའི།།

ངེས་དོན་དགེ་བའི་བཤེས་ཁྱེད་སྙིང་དབུས་ནས་དྲན་བྱུང་།།


ཏ་ལའི་འདབ་ལོ་ལྟ་བུའི་ཐུགས་སེམས་ནི་བསྐྱེད་ཅིང་།།

བས་མཐའི་རི་དྭགས་ཚུལ་འཛིན་དགེ་སྦྱོང་གི་བརྟུལ་ཞུགས།།

ནམ་ཡང་མི་འགྱུར་བྱ་བཏང་རྣལ་འབྱོར་བའི་གཤིས་དེ།།

ངེས་དོན་བྱང་ཆུབ་སེམས་དཔའི་ལྟ་སྤྱོད་ལས་མ་འདས།།


ཐ་མལ་ཉམ་ཐག་འགྲོ་བའི་བདེ་སྡུག་ལ་བསམ་ནས།།

མཚན་ཡང་ཉིན་མོ་ལྟ་བུའི་ཐུགས་རེ་དང་བཅས་ཏེ།།

དལ་མེད་སྐར་ཆའི་དུས་ཚོད་དམ་འཛིན་ལ་མཁས་པའི།།

འབྲོམ་རྗེ་སྟོན་པའི་རྣམ་ཐར་ཟིན་པ་དེ་དྲན་བྱུང་།།


ད་ལྟ་སྙིགས་མའི་རྒུད་ཚོགས་མཚོ་ལྟར་དུ་བརྡོལ་ཀྱང་།།

བཅས་མཚམས་ཕྲ་མོ་ཙམ་ཡང་རྒྱ་ཡན་དུ་མི་གཏོང་།།

འདུལ་བའི་རུང་ཆུ་འདེབས་པ་ཡན་ཆད་ཀྱི་ཕྱག་ལེན།།

སྣ་གཅིག་རལ་བའི་ལྟུང་བ་ཀུན་མཁྱེན་གྱིས་མི་དམིགས།།


ན་སོ་བགྲེས་པས་སྐུ་གཟུགས་ཉམ་ཐག་ཏུ་གྱུར་ཀྱང་།།

རྟགས་ཙམ་འཛིན་པ་ཡན་ལ་ལྡང་འཇུག་གི་བཀུར་སྟི།།

འདུལ་འཛིན་གྲགས་པའི་རྣམ་ཐར་ཇི་བཞིན་དུ་སྐྱོང་བ།།

ཁྱེད་ལས་གཞན་ན་མེད་དོ་ཐེག་ཆེན་གྱི་བླ་མ།།


པ་ར་མི་ཏའི་ལམ་བཟང་ཉམས་བཞེས་སུ་བསྟར་བས།།

ཀུན་ལ་མཁོ་བ་གཏོང་བར་ཞེན་ཆགས་ནི་མེད་ལ།།

སྣ་མང་དཔེ་ཚོགས་རི་བོའི་རྔམ་བརྗིད་དང་མཉམ་པ།།

གྲྭ་རྐྱང་ཀུན་ལ་ཕངས་མེད་སྩོལ་བ་དེ་མཚར་ཨང་།།


ཕ་མ་ལྟ་བུའི་བརྩེ་བ་དྲོན་མོ་དེ་ཁུར་ནས།།

རིས་བྲལ་སློབ་བུའི་ཚོགས་ལ་འཆད་ཉན་གྱི་རྒྱུན་བཟང།།

ཉུང་མིན་ལོ་ཟླར་བསྐྱངས་པའི་ངལ་དུབ་ཀྱི་ཀློང་ནས།།

ཁ་བའི་ཡུལ་ལ་སྤེལ་བའི་སློབ་གསོ་ཡི་སྲོག་བཟུང་།།


བ་ལང་གོག་འགྲོས་ཁེངས་པའི་ནམ་ཟླ་ཡི་ཁྲོད་དུ།།

གསོ་བྱེད་ཡན་ལག་བརྒྱད་པའི་སྨན་རྐྱལ་དེ་ཁུར་ནས།།

ཀུན་ལ་སྙོམས་པོར་ལྟ་བའི་སྤྱན་རས་ཀྱིས་བཙའ་བ།།

ཕྱོགས་འདུས་ཉམ་ཐག་འགྲོ་བ་དེ་སྙེད་ལས་མ་འདས།།


མ་སྲིང་ཉེ་དུར་འཁྲེང་ལྟའི་ལྷད་མེད་ཀྱི་བརྩེ་བ།།

སྤྱན་གྱི་མཐའ་ན་འཛུམ་པའི་མུ་ཏིག་གི་དོག་པ།།

ཁྲུམ་ཁྲུམ་འོད་དུ་འཚེར་བའི་ལྷད་མེད་ཀྱི་ཟིལ་བས།།

གྲངས་མང་འགྲོ་ལ་གཟིགས་པའི་ཕ་མཐའ་དེ་སུས་གཞལ།།


ཙ་རིའི་གནས་སོགས་བོད་ཀྱི་ཡུལ་ལུང་དུ་ཕེབས་ནས།།

གསོ་དཔྱད་སྨན་གྱི་སྦྱོར་སྡེ་ཚད་ལྡན་དུ་སྤེལ་ཏེ།།

རིགས་ཀྱི་འགན་འཁྲི་ཐུགས་གསང་ཉིང་བཅུད་དུ་བཞེས་པའི།།

ཁྱད་འཕགས་ལྷ་རྗེ་མཆོག་གི་ལྷག་བསམ་དེ་དྲན་བྱུང་།།


ཚ་གྲང་དཀའ་བ་གང་ལའང་ཐུགས་དོགས་ནི་མེད་པར།།

རིས་མེད་སྨན་གྱི་བཟོ་གྲྭ་སྣ་ཚོགས་ཀྱི་རེ་སྐུལ།།

ཁུར་བཞེས་འཕྲིན་ལས་ཉི་ཟླའི་འོད་སྣང་ལ་འཐབ་པའི།།

ལྷ་རྗེ་དམ་པའི་རྨད་བྱུང་མཛད་རྗེ་དེ་དྲན་བྱུང་།།


ཛཱ་ཏི་སྨན་གྱི་རྒྱལ་བོའི་རང་གཤིས་དང་ལྷན་ཏུ།།

ཁོར་ཡུག་དཔག་ཚད་འགེངས་པ་ཚུལ་ཁྲིམས་ཀྱི་དྲི་བསུང་།།

ཕྱོགས་ཀྱི་མཐའ་ལ་འཁྲིལ་བའི་འདུལ་འཛིན་གྱི་མཆོག་ཁྱེད།།

ནམ་ཡང་ཁ་བའི་ལྗོངས་སུ་རྟག་བརྟན་ཞིག་བྱུང་ན།།


ཝ་སྐྱེས་དཔོན་དུ་བསྐོས་པའི་རང་ཚུགས་ཤིག་མེད་ལ།།

གང་བྱུང་སོས་དལ་སྡོད་པའི་ལེ་ལོ་ཡང་མི་མངའ།།

ཅལ་འདྲོགས་རླུང་གིས་བསྐྱོད་པའི་དར་ལྕོག་ཀྱང་མིན་པར།།

རྣམ་དག་དགེ་སྦྱོང་ཆེན་པོའི་གདུང་འཚོབ་ནི་ཁྱེད་ཡིན།།


ཞྭ་སེར་བླ་མས་གནངས་པའི་བསླབ་ཁྲིམས་ཀྱི་ཆ་གཅིག།

ཡལ་བར་འདོར་བའི་ལྟུང་བ་ཕྲ་མོ་ནས་བཟུང་སྟེ།།

རྩ་བཞི་ཆང་སོགས་ཁ་ཆད་སྣ་རལ་དུ་གྱུར་པའི།།

ཉེེས་པས་རྡུལ་ཙམ་མ་གོས་བླ་མ་ཁྱེད་དྲན་བྱུང་།།


ཟྭ་ཚོད་ལྟ་བུའི་ཆིག་རྐྱང་བཞེས་པ་ལ་བརྟེན་ནས།།

དོན་གཉིས་འབྲས་བུའི་ལེགས་ལམ་རྩེ་མོ་རུ་སོན་ཀྱང་།།

རང་དམན་གཞན་བཀུར་ཚུལ་ལ་མཐའ་གཅིག་ཏུ་གཞོལ་བའི།།

ཆོས་བརྒྱད་ཐལ་བར་རློག་པའི་མགོན་པོ་གང་དྲན་བྱུང་།།


འ་འུར་རླུང་གིས་འཁུར་བའི་ཅོལ་ཆུང་གི་རང་གཤིས།།

ཐུགས་ཀྱི་མེ་ལོང་ངོས་ན་ཕྲ་རྡུལ་ཙམ་མེད་ལ།།

ནམ་རྒྱུན་ཚུལ་མཐུན་སྤྱོད་པར་བྱ་ར་ཉིད་མཛད་པའི།།

ངེས་དོན་ཤཱཀྱའི་དགེ་སྦྱོང་ཆེན་པོ་གང་དྲན་བྱུང་།།


ཡ་གིའི་རྒྱལ་བའི་སྲོལ་བཟང་ཉམས་མེད་དུ་སྐྱོང་བའི།།

དཔལ་ལྡན་བླ་མའི་ཞི་དུལ་བག་ཡོད་ཀྱི་སྤྱོད་པའི།།

ཆ་ཤས་ཙམ་ཞིག་ཡིད་ལ་དྲན་པ་ཙམ་བྱས་ཀྱང་།།

ལྟུང་བའི་འགག་སྒོ་ཆད་པར་ཐེ་ཚོམ་ནི་ཆེ་ཡོད།།


ར་བ་གངས་རིས་བསྐོར་བའི་བསིལ་ལྡན་གྱི་ལྗོངས་འདིར།།

བྱ་བཏང་གྲྭ་རྐྱང་དཀྱུས་མའི་ངང་ཚུལ་དེ་བཟུང་ནས།།

བསྟན་ལ་མཛད་རྗེས་བསྐྲུན་པའི་རྣམ་ཐར་དེར་བསམ་ན།།

འདུལ་འཛིན་ཉེ་བར་འཁོར་གྱི་མཆེད་ཟླ་ལས་མ་འདས།།


ལྭ་བ་ཧྲལ་ཧྲུལ་གྱོན་པའི་རྩིང་སྤྱོད་ལ་མི་དགྱེས།།

སྣ་ཚོགས་དཀོར་ལ་གཟན་པའི་བརྗིད་པོར་ཡང་མི་མཉེས།།

ཚུལ་ལྡན་ཁྲིམས་ཀྱིས་ཕྱུག་ན་ལོ་ཆུང་ཞིག་ཡིན་ཀྱང་།།

དབུ་ཡི་གཙུག་ཏུ་བཀུར་བའི་ཁྲིམས་གཙང་གང་དྲན་བྱུང་།།


ཤ་དང་རུས་པའི་གསེང་ནས་རྒྱལ་བསྟན་ལ་དུངས་ཤིང་།།

བཀའ་པོད་ལྔ་ཡི་འཆད་ཉན་བཤད་སྒྲུབ་ལ་གཅེས་པའི།།

དམ་པ་གང་གི་གསང་གསུམ་འཕྲིན་ལས་ཀྱི་ཕུང་བོ།།

ཇི་སྲིད་བསྐལ་བའི་མཐར་ཡང་ཉམས་མེད་དུ་གནས་ཤོག།


ས་སྟེང་འགྲོ་ལ་སྨན་པའི་མཛད་བཟང་གི་མཐའ་དེ།།

དགུ་ཚིགས་ཞགས་པ་ཡིས་ཀྱང་འཆིང་བར་ནི་མི་ནུས།།

གར་ཁྱབ་ནམ་མཁའི་མཐའ་དང་མཉམ་མེད་དུ་འཇུག་པའི།།

འདུལ་འཛིན་བླ་མ་དམ་པ་མཁས་ཀུན་ཀྱི་གཙུག་རྒྱན།།


ཧ་ཅང་རྒྱ་ཆེ་དམ་པའི་རྣམ་ཐར་ཀྱི་ཆ་ལས།།

ཚུར་མཐོང་བློ་ཡི་མེ་ལོང་གཙང་མ་ལ་ཤར་འདི།།

ཡུན་ཐུང་དུས་ཀྱི་ཆ་ལ་ཡིག་གཟུགས་སུ་ཕབ་པས།།

རིས་མེད་རྒྱལ་བསྟན་འཛམ་གླིང་ཁྱོན་ཀུན་ལ་ཁྱབ་ཤོག།


ཨ་དོན་སྐྱེས་མེད་རྟོགས་པའི་རྣལ་འབྱོར་གྱི་དབང་བོར།།

ཨ་མའི་བུ་ང་མཇལ་བའི་དུས་ཡུན་ནི་ཐུང་ཡང་།།

ཨ་མས་དྲིན་གྱིས་བསྐྱངས་འདྲའི་ཐུགས་བརྩེ་དེ་བསམ་པས།།

ཨ་མར་འབོད་བརྡ་འདྲ་བའི་གདུང་དབྱངས་འདི་ཐལ་ལོ།།


ཞེས་པ་འདི་ནི་བླ་བྲང་སྨན་པ་གྲྭ་ཚང་གི་གྲྭ་བཙུན་འགས་དངོས་སྐྱེས་བཅས་བསྐུལ་ངོར་སྔགས་རམས་པ་དགེ་འདུན་ཆོས་གྲགས་ཀྱིས་ ༢༠༡༨ ལོའི་ཧོར་ཟླ ༡༢ པའི་ཚེས་ ༡ ཉིན་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྲིས་པ་དགེའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།