ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་ཐོར་བུ་ཁྲིགས་ཆགས་སུ་བསྡེབས་པ་ལས་ཞལ་གདམས་མགུར་མའི་སྐོར་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-21 20:47:38     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 112882170715594877.jpg

    ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང༌། །བྱམས་དང་འཇམ་དབྱངས་ཇོ་བོ་ཡབ་སྲས་དང༌། །རྒྱལ་བ་གཉིས་པ་རྒྱལ་བའི་དབང་པོ་སོགས། །བླ་མ་མཆོག་གསུམ་ལྷ་ཡིས་དུས་ཀུན་སྐྱོངས། །དགེ་ལེགས་རྩ་བ་མཆོག་གསུམ་ངོ་བོ་དང༌། །ཡོན་ཏན་བསྟན་གཞི་བསྟན་འགྲོའི་སྲོག་ཡིན་ཕྱིར། །ཡོངས་རྫོགས་བཤེས་གཉེན་ཚུལ་བཞིན་བསྟེན་པ་དང༌། །བླ་མའི་རྣལ་འབྱོར་འབྲལ་མེད་སྙིང་ལྟར་སྐྱོངས། །དལ་འབྱོར་རྙེད་དཀའ་དོན་ཆེ་ཐོབ་དུས་འདིར། །ཁེ་ཆུང་ཉེན་ཆེ་ཆོས་བརྒྱད་མཐོ་སྙེགས་སོགས། །ཚེ་འདིའི་འདུན་མ་སྤངས་ཏེ་རང་གཞན་གྱི། །དམ་ཆོས་སྙིང་པོ་ཆིག་དྲིལ་བྱེད་དུས་ཡིན། །མི་དགེའི་འབྲས་བུ་ངན་སོང་འཇི༷གས་བསམ་ལ། །དཀོན་ཅོག་ཡོན་ཏན་དྲན་པའི་སྐྱབས་འགྲོ་དང༌། །ལས་འབྲས་བསླུ་བ་མེད་ཚུལ་ཡང་ཡང་དུ། །ལེགས་བསམ་འདི་སྣང་ཆགས་ཞེན་གཅོད་པ་གཅེས། །ཚེ་འདིའི་སྣང་བ་ལོག་པར་མ་གྱུར་ཕྱིན། །བྱ་བ་གང་བྱས་དགེ་བར་མི་འགྲོ་བས། །ཐོ་སྙེགས་མི་བྱ་འདི་ལ་ནན་ཏན་སྒོམས། །རིགས་དྲུག་བཟང་ངན་མཐོ་དམན་གར་གནས་ཀྱང༌། །བཙོན་ཁང་བཟང་ངན་མཐོ་དམན་ཇི་བཞིན་དུ། །ཡང་ཡང་བསམ་ལ་སྲིད་པ་རྒྱུ་དང་བཅས། །བཟློག་ཐབས་བདེན་བཞིའི་ལམ་ལ་ཡང་ཡང་དྲིལ། །འཁོར་བའི་སྣང་ཚུལ་སྡུག་བསྔལ་མ་ཤེས་པར། །རྣམ་དག་ངེས་འབྱུང་སྐྱེ་བ་མི་སྲིད་པས། །ཁམས་གསུམ་གར་སྐྱེས་བཤན་པའི་བཤའ་ལུག་བཞིན། །ལས་ཉོན་གཉིས་ཀྱིས་ཡང་ཡང་འཆི་ཚུལ་བསམ། །ཚུལ་དེ་ཤེས་ཀྱང་འཆིང་བྱེད་ཀུན་འབྱུང་གི །རྩ་བ་བདག་འཛིན་ཕྲ་མོ་མ་བཅོམ་པར། །ཐོས་བསམ་སྒོམ་པ་དཀའ་སྤྱད་ཚུལ་སོགས་ཀྱིས། །མི་གྲོལ་དེ་ཕྱིར་ཟབ་ལམ་བདག་མེད་བཙལ། །ནམ་ཞིག་ཟབ་མོའི་ལྟ་དེ་རྙེད་པའི་ཚེ། །ཐག་ཁྲར་སྦྲུལ་བཞིན་ཕུང་པོ་བདག་མེད་པར། །རྟོགས་པས་ད་ལྟའི་འདི་བཞིན་ཆོས་བརྒྱད་ཀྱིས། །མི་འཁྱེར་རྟག་ཏུ་ངུ་བཞིན་ཚོལ་བར་རིགས། །བདག་མེད་རྟོགས་ཀྱང་བྱང་ཆུབ་སེམས་བྲལ་ན། །ཚོགས་གཉིས་རྒྱ་ཆེན་ཡུན་རིང་སྤྱད་བྱས་ཀྱང༌། །ཞི་བའི་རྒུད་ལས་མི་གྲོལ་རང་དོན་གྱི། །གཅེས་འཛིན་བཅད་ནས་གཞན་དོན་ཕན་ཡོན་བསམ། །འགྲོ་རྣམས་ཕ་མར་གྱུར་དང་སྡུག་བསྔལ་ཚུལ། །རྨོངས་པས་བསྒྲིབས་དང་སྐྱོན་གྱིས་མནར་བའི་ཚུལ། །ཡང་ཡང་བསམ་ནས་སྙིང་རྗེའི་རྩ་བ་ཚུགས། །སེམས་བསྐྱེད་ཅེས་པའི་མིང་ལ་མ་འཁྲུལ་བར། །དགེ་བ་གང་བྱས་ངེས་པར་གཞན་དོན་དུ། །བྱེད་དམ་མི་བྱེད་རང་ལ་ལེགས་ལྟོས་ལ། །འགྲོ་མཐོང་ཙམ་གྱིས་སེམས་བསྐྱེད་དྲན་ནུས་མཛོད། །དེ་ལྟའི་བདག་མེད་ལྟ་དང་བྱང་ཆུབ་སེམས། །མེད་པར་ལྷ་བསྒོམས་སྔགས་བཟླས་ཚུལ་ཁྲིམས་སོགས། །བདག་འཛིན་བསྒོམས་པ་ལ་འགྲོ་མུ་སྟེགས་ཀྱིས། །བདག་འཛིན་ངང་ནས་ལྷ་བསྒོམས་སྔགས་སོགས་བཞིན། །མི་གྲོལ་ལམ་འདི་གཉིས་ལ་ནན་ཏན་སྐྱེད། །སེམས་དེ་བསྐྱེད་ཀྱང་ཕྱིན་དྲུག་སྤྱོད་པ་ལ། །བསྒྲུབ་པ་མེད་ན་སེམས་བཟང་ཙམ་ཡིན་པས། །ཕྱིན་དྲུག་སྤྱོད་དང་གཞན་དོན་བསྒྲུབ་པའི་ཆེད། །ཚོགས་བསགས་སྨོན་ལམ་སྒོ་བརྒྱ་འབྱེད་པར་བྱ། །སྣོད་རུང་ཐབས་མཆོག་འཇུག་སྒོ་དབང་ལ་ཞུགས། །དངོས་གྲུབ་རྩ་བ་དམ་ཚིག་སྡོམ་པ་འདི། །བསྲུང་ན་རྒྱལ་བ་སྲས་བཅས་བྱིན་རློབས་ཤིང༌། །མཁའ་འགྲོས་བཀའ་བཞིན་སྒྲུབ་ཕྱིར་སྔགས་ལམ་མྱུར། །ངེས་པར་སྙིགས་དུས་ཚེ་གཅིག་རྫོགས་སངས་རྒྱས། །སྟེར་བྱེད་རིམ་གཉིས་གོ་རིམ་གྲངས་ངེས་ལ། །ཚིག་སྤྱིར་མ་འཇོག་ཡིད་ངོར་འཕྲོད་ངེས་ལ། །བསྒོམ་པའི་རྣལ་འབྱོར་ཨ་ཧོ་སྐལ་བ་བཟང༌། །ལྷ་སྒོམ་ཙམ་མིན་སྦྱང་གཞི་སྦྱོང་བྱེད་ཀྱི། །ངོ་འཕྲོད་བསྒོམས་པས་རྫོགས་རིམ་མྱུར་སྐྱེ་ཞིང༌། །ང་རྒྱལ་བསྒོམས་པས་བགེགས་བཟློག་ལྷས་བྱིན་རློབས། །གནད་གཉིས་ཚང་བའི་སྐུ་གསུམ་ལམ་ཁྱེར་སྒོམས། །གནད་བཞི་ལྡན་པའི་རྩ་རླུང་ཐིག་ལེ་ལ། །གནད་བསྣུན་ལས་རླུང་བཅད་དེ་སྟོང་བཞིའི་མཐར། །ལྷ་སྐུར་འགྲུབ་པའི་སྣང་ཕྱོགས་སྟོང་ཕྱོགས་ཀྱི །མ་བཅོས་རྫོགས་རིམ་མཆོག་འདི་རྒྱལ་བས་བསྔགས། །ད་ལྟར་རྫོགས་རིམ་ཟབ་མོ་མ་ཐོབ་ཀྱང༌། །ཡིད་ངོར་སྐོར་དགུའི་བསྲེ་བ་ལེགས་སྦྱངས་བས། །འོད་གསལ་མ་བུ་འཕྲོད་པས་སྐྱེ་འཆིའི་འཕྲང༌། །སྤྲུལ་བའི་གར་གྱིས་བདུད་བཞི་ངེས་བཅོམ་སྟེ། །སྐྱེ་བ་གསུམ་བཞི་སོགས་ལ་མངོན་འཚང་རྒྱ། །དེ་བས་རིམ་གཉིས་ལུས་དང་སེམས་བཞིན་ཆོངས། །དེ་ལྟའི་ལམ་ལ་སྦྱོང་བའི་རྣལ་འབྱོར་པས། །ཉིན་མཚན་སོ་སོའི་ཀུན་སྤྱོད་ཐུན་མཚམས་སོགས། མདོ་དང་རྒྱུད་སྡེ་རང་རང་གཞུང་བཞིན་དུ། །ཚ་གྲང་ལྟར་མིན་ཟུང་འབྲེལ་སྤྱོད་པ་གཅེས། །དེ་ལྟར་སྡོམ་པ་གསུམ་དང་རིམ་པ་གཉིས། །གདན་གཅིག་སྟེང་ནས་ཉམས་སུ་ལེན་པའི་ཚུལ། །རྡོ་རྗེ་འཆང་ནས་ཇོ་བོ་ཡབ་སྲས་དང༌། །རྒྱལ་བ་གཉིས་པའི་ལུགས་ལ་དད་པ་དང༌། །ཐུབ་བསྟན་ཡོངས་སུ་རྫོགས་པར་འཛིན་འདོད་ཅིང༌། །བློ་གྲོས་ཆེན་པོ་ཅན་རྣམས་དཔྱོད་པར་འཚལ། །དེ་ལྟར་བགྱིས་པའི་རྣམ་དཀར་དགེ་བ་དེས། །སྲིད་ཞིའི་རྒུད་པའི་མུན་ཚོགས་ཀུན་བསལ་ཏེ། །ཚོགས་གཉིས་ཡོངས་སུ་རྫོགས་པའི་རྣམ་སད་འོད། །ལུས་ཅན་ཀུན་གྱིས་ཐོབ་པར་གྱུར་ཅིག་གུ 

ཞེས་ཐེག་ཆེན་རིམ་གཉིས་དང་བཅས་པའི་བསླབ་བྱ་མུ་ཐི་ལིའི་འཁྲི་ཤིང་ཞེས་བྱ་བ་འདི་ནི་རང་གི་སློབ་མ་གཞུང་ལུགས་རབ་འབྱམས་སྨྲ་བ་ཚེ་བློས་བཏང་གི་སྒྲུབ་པའི་རྒྱལ་མཚན་འཛིན་པའི་རྣལ་འབྱོར་པ་ལྷུན་གྲུབ་རྒྱ་མཚོས་ཞིང་ཁམས་ཀུན་ཁྱབ་ཀྱི་དྷུ་བེ་དང་བཅས་བསྐུལ་བའི་ངོར། ཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་སྦྱར་བ་འདིས་ཀྱང་སྐྱེ་དགུ་ཀུན་ལ་ཕན་ཐོགས་པར་གྱུར་ཅིག །

    ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། འདྲེན་པ་མཉམ་མེད་རྩ་བརྒྱུད་བླ་མ་དང༌། །འདོད་དགུ་ཀུན་སྩོལ་དཀོན་ཅོག་རིན་ཆེན་གསུམ། །དངོས་གྲུབ་ཀུན་སྩོལ་ཡི་དམ་ཆོས་སྐྱོངས་ལ། །གུས་པས་འདུད་དོ་དེང་འདིར་ཤིས་པས་སྐྱོངས། །འཇིག་རྟེན་ཆོས་བཞིན་སྐྱོང་པའི་སའི་ཚངས་པས། །འདི་ཕྱིར་ཕན་པའི་བསླབ་བྱ་དགོས་གསུངས་པའི། །བཀའ་ཡི་མེ་ཏོག་སྩལ་བ་ཐུབ་པའི་བཀའི། །དོན་བཞིན་ལུང་རིགས་རིན་ཆེན་ཕྲེང་བ་བྱ། །འགྲོ་བའི་ཕན་བདེ་བསྟན་ལ་རགས་ལས་པས། །བཤད་དང་སྒྲུབ་པ་རང་རང་ནུས་པ་དང༌། །བསྟུན་པའི་ཐོས་བསམ་སྒོམ་ལ་བརྩོན་འགྲུས་གསུམ། །མི་དམན་རྒྱ་བོད་མཁས་གྲུབ་རྣམ་ཐར་སྐྱོངས། །འཇིག་རྟེན་བསྟན་ལ་འཇུག་པའི་ལམ་ཆེན་པོ། །དད་དང་ཡིད་ཆེས་མངོན་འདོད་དད་པ་གསུམ། །མ་རྙེད་སྙིང་རུས་མུན་པའི་འགྲོས་སྤངས་ནས། །དམ་པའི་ལུགས་བཞིན་སོ་སོར་སྐྱོང་པར་མཛོད། །དཀོན་མཆོག་ཡོན་ཏན་བསམ་ན་དད་པ་སྐྱེ། །འཁོར་བའི་སྐྱོན་ཡོན་བདག་མེད་ཡིད་ཆེས་ཡུལ། །ཐོབ་བྱའི་ས་ལམ་འབྲས་བུ་མཐར་ཐུག་གསུམ། །ཡང་ཡང་བསམ་ན་མངོན་པར་འདོད་པ་སྐྱེ། །ཤེས་རབ་མེད་པར་དད་པ་དེ་ཙམ་དུ། །མ་ཟད་སྦྱིན་སོགས་བྱང་ཆུབ་སེམས་བསྐྱེད་ཀྱང༌། །སྲིད་པར་འཆིང་བ་ནམ་ཡང་མི་ཆོད་པས། །བདག་མེད་ཕྲ་རགས་རིགས་པས་གཏན་ལ་ཕོབས། །སེམས་བསྐྱེད་བྲལ་ན་གྲུབ་པ་བརྒྱད་ཐོབ་བམ། །སྦྱིན་སོགས་རྒྱ་ཆེར་བསྐལ་མང་སྤྱད་བྱས་སམ། །ཟབ་མོ་ལྟ་བས་ཉོན་མོངས་ཀུན་སྤངས་ཀྱང༌། །ཐེག་ཆེན་མི་འགྱུར་སེམས་བསྐྱེད་འཇུག་སྒོ་ཡིན། །རང་དོན་དྲི་མའི་ཉེས་མང་མ་བསམ་པའི། །སེམས་བསྐྱེད་ཙམ་དེ་རང་རྒྱལ་ལྟར་འགྱུར་པས། །རང་གཅེས་སྤོང་དང་གཞན་གཅེས་བློ་སྦྱོང་བས། །རྒྱུ་འབྲས་བདུན་གྱི་དམིགས་རྣམ་སྐྱོང་བ་གཅེས། །སེམས་བསྐྱེད་ཟབ་མོའི་ལྟ་བ་གཉིས་ལྡན་པས། །སྲིད་ཞིའི་མཐའ་སྤོང་ཐེག་ཆེན་གཞུང་ཤིང་ཡིན། །གཞན་ལ་ཕན་པའང་སེམས་ལ་རག་ལས་པས། །ཀུན་རྫོབ་སེམས་སྦྱོང་བྱམས་པ་ཞི་ལྷའི་ལུགས། །མ་རྣམས་གཅེས་འཛིན་ཐུགས་རྗེས་ཡིད་དྲངས་ནས། །སྔགས་ཀྱི་ཐེག་པས་སངས་རྒྱས་རྫུ་འཕྲུལ་ལྟར། །ས་ལམ་བགྲོད་པའང་ཟབ་གསལ་ཟུང་འབྲེལ་ལམ། །བླ་མེད་བསྐྱེད་རྫོགས་ཉམས་ལེན་ཡིད་བཞིན་གྱི། །ནོར་བུ་ལྟ་བུར་སྐྱེ་དགུའི་རེ་བ་སྐོང༌། །ཕ་རྒྱུད་གསང་འདུས་མ་རྒྱུད་བདེ་མཆོག་གཉིས། །འཕགས་ཡུལ་མཁས་པས་ཉི་མ་བཞིན་བཀྲལ་ཞིང༌། །ཟླ་བྲལ་བསྔགས་པའི་མེ་ཏོག་བྱེ་བ་ཅན། །སྲོག་བཞིན་མིག་བཞིན་གཅེས་པར་འཛིན་ལ་འབད། །འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ངུར་སྨྲིག་གར། །ཞུགས་པའི་བསྟན་འདིར་འཇམ་དཔལ་ཞི་ཁྲོ་གཉིས། །ལྷག་པར་ཉེ་བས་དེ་ཡི་བསྙེན་སྒྲུབ་དང༌། །གོན་ཆོས་གཉིས་ཀྱི་བསྙེན་བསྒྲུབ་དོན་ཆེན་རྒྱུ། །འདི་དག་ལེགས་མཉེས་མྱུར་དུ་རྫོགས་སངས་རྒྱས། །འབྲིང་དང་ཐ་མས་ཀྱང་ནི་རྒྱལ་བའི་ཏོག །སེང་གེ་ང་རོའི་མདུན་དུ་མཆོག་ཐོབ་པའི། །ལེགས་པར་སྨོན་དང་མདོ་སྔགས་ཀུན་ཚང་མཛོད། །འདི་དག་ལུང་རིགས་བྱེ་བས་གྲུབ་པའི་གཏམ། །ཡིད་ལ་གོམས་བྱས་ངེས་ལྡན་རྩ་བརྒྱུད་ཀྱི། །དམ་པ་གསེར་རིའི་ཕྲེང་པའི་ཐུགས་བཅུད་དེ། །གོ་སླའི་ངག་གིས་ཚངས་དབང་ཁྱོད་ལ་བཤད། །དགེ་ཚོགས་རྒྱ་མཚོའི་དཔལ་ལས་ལེགས་འཁྲུངས་ཤིང༌། །ལེགས་བཤད་བང་རིམ་མངོན་པར་ཆེས་བཀྲ་བའི། །དགེ་ལེགས་ལྷུན་པོར་སྐྱེ་རྒུ་མ་ལུས་པའི། །བསྟེན་པའི་གཞི་དང་སྐྱོབ་པའི་དབང་པོར་ཤོག །བརྩེ་བའི་ཞལ་གདམས་ཙིནྟ་མ་ནིའི་ཕྲེང༌། །རྩེ་མདོ་བཀྲ་ཤིས་ཆོས་རྫོང་ཞེས་བྱ་བར། །མང་ཐོས་དགེ་སློང་འཇམ་བཞད་རྡོ་རྗེ་ཡིས། །དུས་འཁོར་ལོ་ཡི་ཐོག་མའི་ཟླ་བར་སྦྱར། །སའི་ཚངས་པ་གཡོན་རུའི་ཇོ་རིག་ཐུ་ཧུང་ཐས་ཇི་ལ་གདམས་པའི་ཆབ་ཤོག་གོ །

    ན་མོ་གུ་རུ་བུདྡྷ་བོདྷི་སཏྭཿབྷྱཿམགོན་ཟླ་མེད་རྩ་བའི་བླ་མ་དང༌། །སྐྱབས་རིན་ཆེན་གསུམ་ལ་ཕྱག་བྱས་ཏེ། །དུས་སྙིགས་མའི་ཐལ་བའི་རྡུལ་འཚུབས་དུས། །སེམས་སྔོན་སྦྱངས་གཞན་ཡང་མང་ཐོས་པས། །གོན་རྒྱལ་སྲས་ཉམས་བཞེས་བདུད་རྩིའི་ཆར། །ངག་བཅད་ཀྱང་སེམས་ཀྱི་བདུད་རྩིའི་རླབས། །ད་ཡང་ཡང་གཡོས་ཚུལ་འདི་ལྟར་སེམས། །ལར་མུན་བསྐལ་ནང་དུ་སྒྲོན་བསྐལ་རེ། །འདི་འབྱུང་ཚུལ་སྨག་ནང་གློག་ཙམ་ཡིན། །དོན་དེ་ལྟར་ཤེས་ནས་དམ་པ་ཀུན། །ལྷ་རྒྱལ་སྲས་ཆོས་ཕྱིར་སྐུ་སྲོག་གཏོང༌། །ད་དེ་ལྟར་མཛོད་དང་ཤེས་རབ་ཅན། །ཁྱོད་ལོ་མང་སྦྱངས་པའི་རྒན་མིན་ནམ། །ཆོས་དེ་ལྟར་བྱུང་ཡང་དཀོར་ལེ་ཙམ། །སྐྱབས་སངས་རྒྱས་དུས་ནའང་དལ་འབྱོར་ཀུན། །དོན་ལེ༷་ཚ༷ར་ཉིན་སྐར་བཞིན་གསུངས་པས། །ལོང་ཡོད་པར་མ་སེམས་བློ་སྣ་བསྟུངས། །དུས་དེང་དུས་ནག་ཕྱོགས་ཁ་རྒྱས་པས། །རྐྱེན་དེ་ཡང་ནང་གི་སེམས་དབང་གིས། །རིམས་སྣ་ཚོགས་སྐྱ་སྨུག་སོགས་འབྱུང་གསུངས། །དུས་དེ་འདྲར་བློ་སྣ་དམ་པ་དང༌། །རྒྱལ་སྲས་ཀུན་བློ་བསྟུངས་སྙིང་རྗེ་སྒོམ། །ད་དེ་ལྟར་སྒོམས་ཤིག་ཤེས་རབ་ཅན། །ཁྱོད་ལོ་མང་ལམ་རིམ་མ་བསྒོམ་མམ། །ལར་ངེས་པར་འཆི་དང་ནམ་འཆི་མེད། །ཚེ་ཕྱི་མར་ཆོས་མིན་མི་ཕན་པས། །མགོན་སངས་རྒྱས་དེས་ཀྱང་སྔོན་བྱུང་དུས། །ཁམས་གསུམ་ག་མི་རྟག་སྲིན་པོས་ཟོས། །སྐྱེ་འཆི་ལས་གྲོལ་པའི་བདུད་རྩི་དེ། །ནམ་རྙེད་དགོངས་མཚན་མོ་བྲོས་ནས་ཕྱིན། །དོན་དེ་བཞིན་དམ་པ་ཐམས་ཅད་དང༌། །ཁོང་རྒྱལ་སྲས་ས་གསུམ་ས་ལྔ་སོགས། །ཐུགས་སྦྱངས་ཚུལ་དེ་ཡིན་དུས་ད་ལྟར། །དོན་དེ་ལྟར་དགོས་སོ་ཤེས་རབ་ཅན། །ཁྱོད་དཀོར་གྱིས་ཚིག་གམ་གདོན་གྱིས་སྨྱོས། །ལར་འདི་སྣང་གི་བསྲུང་འཁོར་སྔགས་བཟླ་སོགས། །བྱང་ཆུབ་ཀྱི་སེམས་བྲལ་བདག་འཛིན་ཡིན། །བདག་འཛིན་འདི་འགོང་བོ་འཕུང་འགོང་ཞེས། །སངས་རྒྱས་དང་བྱང་སེམས་ཀུན་གྱིས་སྨད། །སྨད་པ་དེ་འདོར་བར་མི་རིགས་སམ། །བསྟོད་སྨད་ལ་མ་ཡེངས་ཤེས་རབ་ཅན། །ལོ་གཞོན་དུས་ནས་ལམ་རིམ་ལ་སྦྱངས་པའི། །སེམས་འོར་རམ་རྐུན་མས་ཁྱེར་རམ་ཅི། །ཆོས་བྱེད་ཚུལ་ལས་འབྲས་དང་མ་མཐུན་ན། །ཕུབ་མའི་ཆུ་དོང་ཆེ་ཡོད་དམ་པས་གསུངས། །དོན་དེ་ནང་ནས་ཆོས་ལ་བརྟེན་པའི་སྡིག །འདི་ཆེ་ལ་ཕྲ་བར་མང་གསུངས་པས། །ད་སྙིང་ཁམས་རང་མ་ཆེ་དམ་པ་ཀུན། །ཕྱོགས་འདི་ལ་སྐྲག་སྐད་མི་སྣང་བས། །དོན་རང་བློ་མ་འཆུག་ཤེས་རབ་ཅན། །ཁྱོད་རྗེས་འཇུག་རྟེན་ནའང་དེ་ལྟར་ཁྲིད། །ལར་འཁོར་བའི་གནས་ལུས་ལོངས་སྤྱོད་ལ། །སེམས་དགའ་ཞིང་དུང་སེམས་ཆེ་བ་དེ། །སེམས་ཆགས་ཞེན་དུ་གྲགས་པ་དེ་ཡིན་པས། །ད་ཆགས་མེད་འཕགས་པའི་རིགས་ཞེས་པ། །མགོན་བྱམས་པས་རྒྱན་གྱི་སྐབས་བཞི་པར། །གསུངས་བཞིན་དུ་སྤོང་པ་རྒྱལ་སྲས་དང༌། །དམ་པ་སྤྱི་ཡི་ལུགས་དང་ཕྱག་ལེན་ཡིན། །ད་འཁོར་བའི་སྐྱོན་སོམས་ཤེས་རབ་ཅན། །ཚིག་སྐམ་པོ་མ་གྱེར་སེམས་ལ་ལྟོས། །དཔལ་རང་གཞན་གཉིས་ཀའི་ཕུན་ཚོགས་ཀྱི། །རྒྱུ་ཟླ་མེད་ཐེག་ཆེན་འཇུག་འདོད་ན། །སེམས་ཁེངས་པ་དོར་ལ་སྙིང་རྗེ་དང༌། །ཆོས་བྱང་སེམས་གཞན་དོན་བློ་སྦྱོངས་ལྟར། །ཚོགས་བསགས་དང་སྨོན་ལམ་རྒྱུན་དུ་སྦྱོངས། །འདི་མེད་ན་སྟོང་ཉིད་ལ་བརྩོན་པས། །ཁོང་ཉན་རང་ཞི་བའི་རྒུད་པར་ལྷུང༌། །སྔགས་བཟླས་དང་ལྷ་སྒོམ་བསྐལ་པ་བརྒྱར། །འབད་ཆེན་པོས་བྱས་ཀྱང་སངས་མི་རྒྱ། །མགོན་སངས་རྒྱས་ལ་མངོན་སུམ་བསྐལ་པ་བརྒྱར། །མཆོད་ཀྱང་སངས་རྒྱས་མ་ཐོབ་འཁོར་བསྒྱུར་བཞིན། །དོན་འདི་ལ་མ་འཁྲུལ་སེམས་ལ་སྦྱོངས། །ཁྱོད་ལམ་རིམ་སྒོམ་ཚུལ་འདི་མིན་པའི། །ཆོས་གཞན་ཅིག་ཤེས་སམ་ཤེས་རབ་ཅན། །ད་ཤེས་བཞིན་ནོར་བུ་མ་འབོར་དོན་གཉིས་འབྱུང༌། །བློ་དེ་འདྲ་རྒྱུད་ལ་མ་སྐྱེས་པའི། །འཕྲལ་གཞན་ཕན་སྐད་ཀྱི་རྣམ་གཡེང་དེ། །དོན་གཉིས་པོ་མི་འགྲུབ་འཕོངས་པའི་རྒྱུ། །དོན་དེ་ལྟར་ཤེས་ནས་རྒྱལ་སྲས་ཡང༌། །དུས་དང་པོར་བསེ་རུ་ལྟར་འདུག་ཅེས། །མགོན་རྒྱལ་བའི་ཡབ་གཅིག་གསུངས་པ་དང༌། །མདོ་དུ་མས་གསུངས་ཚུལ་བསླབ་བཏུས་གསལ། །རང་ལ་སེམས་དེ་ཡོད་མེད་ལྟ་རྟོག་གྱིས། །དུས་ད་རེས་མ་འཆུག་ཤེས་རབ་ཅན། །ཀྱེ་མཁས་རློམ་བུམ་སྟོང་མ་བྱེད་རང་ལ་སོམས། །སེམས་བཟང་བ་ཙམ་གྱིས་རང་གཞན་དོན། །རྒྱུ་ཕྱིན་དྲུག་སྦྱོང་བར་མ་ཞུགས་ན། །མ་འགྲོ་ཀུན་གྱི་རེ་བ་མི་སྐོང་བས། །དུས་ཀུན་ཏུ་སྤྱོད་པའི་སྨོན་ལམ་དང༌། །ཚོགས་བསགས་རྒྱ་མ་ཆུང་ཤེས་རབ་ཅན། །ཆོས་ཆེ་ཆུང་བསམ་པ་འདི་ལ་ཡོད། །འདི་སྤྱོད་ཚུལ་ཆུང་དང་འཁྲུལ་བས་མིན། །ལྷ་ཇོ་བོ་ཡབ་སྲས་རྗེས་འབྲངས་དང༌། །རྗེ་ཡབ་སྲས་ཐུགས་དམ་ཉིང་ཁུ་ཡིན། །དེ་ཡིན་ཚུལ་མགུར་དུ་བཞེས་མིན་ནམ། །ཁྱོད་དེ་ལྟར་མི་སྤྱོད་ཕལ་བ་ལྟར། །ད་སྤྱད་ན་ཡོང་ངམ་ཤེས་རབ་ཅན། །དུས་སྙིགས་མར་སྙིང་རུས་ཕྱིན་དྲུག་སྐྱོངས། །ཁྱོད་འདི་སྣང་མ་ལྟ་ཆོས་བཞིན་སྐྱོངས། །དོན་ཟབ་མོ་ནམ་མཁའི་དཀྱིལ་ལྟ་བུ། །དབྱིངས་སྤྲོས་བྲལ་རྩོལ་བ་མ་ཆུང་བར། །ལུང་རིགས་པ་བྱེ་བས་ཐོས་བསམ་ལ། །དུས་ཉིན་མཚན་དང་སྐྱེ་བ་ཐམས་ཅད་དུ། །བློ་ལེགས་པར་རང་གཞན་ཀུན་འབྱོངས་པའི། །སྨོན་ལམ་དང་དངོས་སུ་རྣལ་འབྱོར་གྱིས། །འདི་མདོ་སྔགས་ཀུན་དང་ཐེག་གསུམ་གྱི། །སྲོག་དམ་པར་རྒྱལ་པ་གཉིས་པས་གསུངས། །ད་ཆོས་འདིར་འཕྲད་དུས་གཡེང་བ་སྤོངས། །སྔགས་ཟབ་མོ་འདི་ཡིན་ཤེས་རབ་ཅན། །འདིས་ནད་ཀུན་སེལ་དང་མེས་མི་ཚུགས། །ཆུ་དང་རླུང་གིས་མི་འཁྱེར་དགྲ་དང་བགེགས། །བདག་འཛིན་པ་གཅོད་བྱེད་འདི་ཡིན་ཟུངས། །ཁྱོད་རྗེས་འཇུག་སྤེལ་ན་དེ་ཀས་སྐྱོངས། །ཆོས་སངས་རྒྱས་ཀྱི་སྤྱན་ལས་རྙེད་དཀའ་བ། །ལམ་གསང་སྔགས་འདི་ཤཱཀྱའི་རྒྱལ་བོ་དང༌། །རྗེ་རྒྱལ་བ་གཉིས་པའི་བསྟན་པའི་གཙོ། །དོན་འདི་ཆེད་དུ་སྨོན་ལམ་མང་བཏབ་ཅིང༌། །དུས་མ་འོངས་བ་ན་སྤྱོད་གསུངས་པའི། །མགོན་དེ་ཉིད་བཅུ་ལྡན་བཤེས་བསྟེན་ནས། །སྒོ་དབང་བཞིའི་ཆུ་བོས་རྒྱུད་སྦྱངས་ནས། །ལམ་བསྐྱེད་རྫོགས་ཀྱི་གསང་ལམ་ངོ་མཚར་ཅན། །ལམ་བསྲེ་བསྐོར་གསུམ་སྐོར་དགུ་ལ། །དུས་ཀུན་ཏུ་སྐྱོད་ལ་རྟག་ཕྱག་འཚལ། །དེ་ཚིག་གིས་སྦྱོངས་ལ་བདག་ཕྱག་འཚལ། །འདི་བདག་ཅག་ལྟ་ཅི་རྒྱལ་ཀུན་ཀྱང༌། །རིགས་ཀུན་ཀྱི་ཁྱབ་བདག་ལྟར་འདུད་ཅེས། །དཔལ་འདུས་པ་སོགས་ལས་གསུང་མཐོང་བས། །མི་ཁོ་བོ་དུས་ཀུན་དེར་ཕྱག་འཚལ། །དེའི་ས་དང་ཕྱོགས་ལའང་ཕྱག་འཚལ་ན། །ཁྱེད་བསྟན་བསྲུང་དང་མཁའ་འགྲོ་ཀུན་ཇི་ལྟར་བཞེད། །ད་དུས་རྣམས་ཀུན་ཏུ་རྒྱུད་བཞིན་བསྲུངས། །འདི་ཕྱོགས་ཀུན་ཏུ་རྒྱས་པའི་བཀྲ་ཤིས་སྩོལ། །གླུ་ལེན་པ་ལ་དགའ་བ་ཞིག་མ་ཡིན་ཀྱང༌། །དུས་སྙིགས་དུས་ཆོས་ལ་སྤྱོད་པའི་ཚུལ། །དོན་ཕྱི་མིན་རང་ལ་གྲོས་བཏབ་བཞིན། །འདི་འགྲུབ་པར་བླ་མ་མཆོག་གསུམ་དང༌། །དཔལ་གནས་གསུམ་སྲུང་མས་གྲོགས་མཛོད་ཅིག །ཆོས་བྱེད་ན་དེ་བཞིན་མཛད་ན་དགའ། །དོན་སུས་བྱས་སྐྱིད་པའི་རྒྱ་མཚོར་གནས། །གནས་སྲོང་བཙན་སྒྲུབ་གནས་ཕ་བོང་ཁ། །ཁ་ཆོས་ལ་དགའ་བའི་དགེ་སྦྱོང་བློ། །བློ་བདེ་དང་མི་བདེའི་དུས་དགོས་ལུགས། །ལུགས་མ་ནོར་མ་ཚང་མིན་པར་བྲིས། །བྲིས་ཡི་གེ་བ་ནི་རང་གིས་སོ། །

    ན་མཿསྭ་ར་སྭསྟྱཻ། རྣམ་དཀར་རྡུལ་བརྩེགས་ལེགས་སྨོན་གཡས་ཕྱོགས་སུ། །འཁྱིལ་བའི་མཁས་བཙུན་བཟང་བའི་གྲགས་སྙན་དུ། །མཐའ་བྲལ་སྒྲ་དབྱངས་ཐོས་ལྡན་ལམ་ཞུགས་པའི། །རྨོངས་པའི་རིམས་ནད་ཀུན་སེལ་ཚུལ་འདི་རྨད། །བློ་བཟང་རྗེས་འཇུག་མཁས་མཆོག་གསེར་སྦྱངས་ཀྱིས། །འཁོར་ལོས་ཐུབ་བསྟན་གླིང་བཞིར་དབང་བསྒྱུར་བ། །གྲུབ་པའི་བགོ་སྐལ་ཐུབ་བསྟན་རི་དབང་སྤོར། །མདོ་སྔགས་མིག་སྟོང་ལྡན་འདི་ཁོ་བོས་ཐོབ། །ང་མང་ཚེ་འདིའི་སྣང་ཞེན་དུག་གིས་མྱོས། །ལ་ལ་རང་བདེའི་དབྱིངས་འཐིབས་གཉིད་དུ་སོང༌། །མཁས་མཁས་ཚོགས་ཀྱང་ཟང་ཟིང་མགོ་འཁོར་ཆེ། །ཡང་ཡང་ཐོས་བསམ་བསྒོམ་པ་རྙེད་འདི་རྨད། །རྨད་བྱུང་རྨད་པ་ཙམ་མིན་ཆོས་འདི་ཟུང༌། །ཟུང་འཇུག་ཟུང་འབྲེལ་ཞི་ལྷག་ཀུན་བསྒོམས་ན། །ན་ཚོད་ན་རྒ་བྱུང་ཡང་སུ་ཞིག་འགྱོད། །འགྱོད་བྲལ་འགྱོད་སེམས་མེད་པའི་ཟབ་ཆོས་ཚོལ། །ཚོལ་བཞིས་ཚོལ་ལ་སེམས་ཀྱི་བདག་ཉིད་དུ། །དུ་མ་དུ་མར་སྣང་བ་མེད་པའི་ཚུལ། །ཚུལ་བཞིན་ཚུལ་གསུམ་རྟགས་ཀྱིས་འགོག་ཡང་འཚལ། །ཡང་ཡང་མ་བརྟག་བརྟག་དཔྱད་མེད་པ་འགའ། །སྟོང་སྟོང་ལ་མོས་མོས་པ་ལྟར་སྣང་གིས། །མཐོ་མཐོ་སྐད་བྱས་བྱས་ཚད་ཆོས་མིན་ཞེས། །མཁས་མཁས་ལུགས་མཆོག་མཆོག་ཏུ་སྨོད་འགའ་སྡུག །སྡུག་ཀྱང་མི་ཤེས་ཤེས་རབ་མེད་པའི་ལུགས། །ལུགས་བཟང་མ་བཙལ་བཙལ་ཀྱང་མ་རྙེད་ན། །ན་ཚོད་རྒན་ཡང་ཡང་དག་ག་ལ་བདེ། །བདེ་འགྲོར་ལམ་བཟང་བཟང་མཛེས་སྡེ་སྣོད་བསྟེན། །ཞེས་པ་འདི་ཡང་རྗེ་ཉིད་ཀྱིས་མཛད་པའོ། །

    སངས་རྒྱས་ཆོས་དང་དགེ་འདུན་གསུམ། །འདི་གསུམ་ཕྱི་ཡི་རིན་ཆེན་ཡིན། །ངེས་འབྱུང་སེམས་བསྐྱེད་ཟབ་མོའི་ལྟ། །འདི་གསུམ་ནང་གི་ནོར་བུ་ཡིན། །དད་དང་དམ་ཚིག་སྡོམ་པ་གསུམ། །འདི་གསུམ་གསང་བའི་ནོར་བུ་ཡིན། །ལྷ་དང་ལྟ་བ་བཟླས་བརྗོད་གསུམ། །འདི་གསུམ་གསང་སྔགས་ཕྱི་ཡི་ནོར། །ང་རྒྱལ་གསལ་སྣང་སྦྱང་གཞི་འཕྲོད། །འདི་གསུམ་བསྐྱེད་རིམ་ནོར་བུ་ཡིན། །རྩ་རླུང་ཐིག་ལེ་རྣལ་འབྱོར་གསུམ། །སྨིན་བྱེད་རྫོགས་རིམ་ནོར་བུ་ཡིན། །ཡུལ་དུས་ལུས་རླུང་གནང་འདི་བཞི། །འབྲས་བུ་མྱུར་བསྐྱེད་ནོར་བུ་ཡིན། །དཀའ་སྤྱད་དད་པ་སྙིང་རུས་གསུམ། །རྣམ་འབྱོར་དགའ་བསྐྱེད་ནོར་བུ་ཡིན། །དབང་དང་དམ་ཚིག་བསྐྱེད་རྫོགས་བསྒོམ། །འདི་ལྔ་འདོད་སྟེར་ནོར་བུ་ཡིན། །ནོར་བུ་རྣམས་ལ་སུ་བསྟེན་པ། །དེ་དག་གང་བསམ་མྱུར་དུ་འགྲུབ། །ཅེས་འཇམ་དབྱངས་བཞད་པས་སྨྲས་སོ། །

    འགྲོ་འདིའི་བསོད་ནམས་ཀུན་གསལ་གཞལ་ཡས་ན། །པཎ་ཆེན་བློ་བཟང་ཆོས་རྒྱན་ཉིན་བྱེད་གང༌། །དཔལ་སྟུག་གསང་གསུམ་སྤྲུལ་ཟེར་གྲངས་མེད་ལས། །བདག་གི་མགོན་གྱུར་དབང་ཕྱུག་བརྒྱུད་ལྡན་གང༌། །ཡང་ཡང་ཡིད་ཀྱིས་ལེགས་པར་རབ་བསམ་ཞིང༌། །དད་དང་གུས་པས་བསྟེན་ཚུལ་མངོན་གྱུར་པའི། །མང་མང་འགྲོ་འདིས་མ་རྙེད་ལུང་གི་ནོར། །ཟབ་ཟབ་ཡིད་ཀྱི་ཁང་བུར་བཞག་པས་སྤྲོ། །ཞེས་པའང་རྗེ་ཉིད་ཀྱིས་གསུངས་སོ། །

    རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །སྙན་བརྒྱུད་ཁོ་ནར་བྱེད་པའི་བདུད་རྩི་དེ། །དད་ལྡན་གསེར་གྱིས་མིན་ན་ཁ་རྩེད་དུ། །ཡི་གེའི་རེ་བ་དད་པའི་རྗེས་འབྲང་ལུགས། །གདམས་པའི་བདུད་རྩི་ཡིད་བཞིན་ནོར་ལྟར་དུ། །སྙིང་ཉིད་ཁོ་ནར་གཅེས་པར་སྐྱོངས་པའི་ནོར། །སླུ་བྲིད་ཇ་སེར་ཐུམ་བུས་ལེན་འདོད་པ། །ཧ་ཅང་ནམ་མཁའ་ཟ་འདོད་བཞད་གད་རྒྱུ། །རྒྱུད་པ་ལྡན་ངོས་ཟླ་མེད་བཤེས་མང་དང༌། །ཁྱད་པར་སྙན་བརྒྱུད་རྒྱལ་པོའི་མངའ་བདག་ཞབས། །ཡུལ་བསྟེན་རྙེད་པའི་བདུད་རྩི་ཞབས་རྡོལ་གྱི། །དུག་ཅན་སྣོད་དུ་ལེན་འདོད་དེ་བས་མཚར། །ཧ་ཅང་བླུན་ཧམ་གཡོ་ཁྲམ་མང་གྲགས་པར། །ཧ་ཅང་ངོ་ཚས་མི་ཤེས་ཁུར་བྱས་པར། །ཧ་རེ་ལོང་འདུག་སྙམ་ནས་འདི་འདྲ་ཡང༌། །ཧ་ཧ་བྲག་ཕུག་རྒན་མོའི་དཔེ་མིན་ནམ། མཉྫུ་གྷོ་ཥ་ཧ་ས་བཛྲ་གྱིས་བྲིས། །

    ཨོཾ་བདེ་ལེགས་སུ་གྱུར་ཅིག །དགེ་ལེགས་རྩ་བ་ཡིན་པས་དད་དང་བླ་མ་སྒོམ། །འཁོར་བར་སྐྱོ་བ་སྐྱེད་ལ་ངེས་འབྱུང་ཉིན་མཚན་གྱིས། །འགྲོ་དྲུག་ཕ་མའི་ཚུལ་བསམ་བྱམས་དང་སྙིང་རྗེ་དང༌། །གཞན་གྱི་དོན་དུ་ཡང་ཡང་སོམས་ལ་སེམས་སྐྱེད་མཛོད། །བསླབ་གསུམ་ཆོས་ཀྱི་འགག་ཡིན་གཅེས་པར་སྲུངས། །ཕྱིན་དྲུག་ཐེག་ཆེན་སྡོམ་ཡིན་སོ་སོར་སྦྱོངས། །བདག་མེད་བདུད་རྩིའི་མཆོག་ཡིན་ཐོས་བསམ་སྒོམས། །དུས་ཀུན་སྲོག་ལས་གཅེས་པའི་ཐབས་ལ་འབོད། །སྨོན་ལམ་དོན་གཉིས་ལམ་ཡིན་ལེགས་པར་སྒྲུབས། །དེ་ལྟར་མཛད་ཞུ་དུས་ཀུན་དགེ་བར་འགྱུར། །ཞེས་པ་འདི་ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་གསུངས་སོ། །

    ལེགས་བྱས་བསོད་ནམས་རྒྱ་མཚོ་བསྲུབས་ལས་བྱུང༌། །དཔལ་ལྡན་སྟོབས་བཅུར་མངའ་བརྙེས་མཛད་པ་ཅན། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཉིད་བྱེད་དེས། །ཐུགས་རྗེའི་ཟེར་གྱིས་བདག་བློ་ཆུ་སྐྱེས་སྐྱོངས། །གང་གི་མཛད་བཟང་ཡིད་ཀྱི་མེ་ལོང་ལ། །གང་ཞིག་འཕོས་པར་བྱས་པའི་སྐྱེ་བོའི་ཡིད། །གང་ཞིག་ཀུན་ནས་འཕྲོག་བྱེད་བླ་མ་རྗེའི། །གང་གི་ཞབས་ཀྱི་པདྨོར་གུས་ཕྱག་འཚལ། །འདི་ན་ཆོས་བརྒྱད་མི་གཙང་དོན་གཉེར་བའི། །ཁྭ་ཏའི་ཚོགས་རྣམས་ཐར་པའི་པད་མཚོ་ལ། །ཇི་སྙམ་མེད་ཀྱང་ཐར་འདོད་ངང་བའི་ཁྱུ། །ངེས་ལེགས་མཚོར་ཞུགས་འཁོར་ལོ་གསུམ་ལ་སྤྱོད། །མང་མང་འགྲོ་འདི་འཁོར་བར་འཁོར་ལུགས་ལ། །ཡང་ཡང་བསམ་ན་འཇིག་རྟེན་བྱ་བ་འགའ། །འབད་འབད་བྱེད་པའི་སེམས་མེད་མི་འདི་ཅི། །ཉུང་ཉུང་སྤྱད་ཀྱང་རྟག་ཏུ་བདེ་བ་ཆོས། །རིམ་གཉིས་དབང་གི་ནོར་བུ་ལེན་འདོད་ན། །ན་ག་ཛུ་ན་ལྟ་བུའི་དེད་དཔོན་དེ། །དེ་ནི་མཉེས་བྱེད་མན་ངག་གྲུ་རྫིང་ཆེ། །ཆེ་བའི་སྟོབས་བཅུའི་ནོར་ཐོབ་ཕྱིར་དུ་འཇུག །བསམ་གྱིན་བསམ་གྱིན་དཔལ་ལྡན་བླ་མའི་ཚོགས། །ཡང་དང་ཡང་དུ་མཆོད་ཀྱང་བཀའ་དྲིན་ལ། །བླུན་པས་བླུན་པ་བདག་གིས་ཇི་ལྟར་བཤད། །ནོར་གྱི་ནོར་མཆོག་དད་པའི་ནོར་འབུལ་བཞེས། །བཀའ་དྲིན་དྲན་པའི་ཚིགས་བཅད་དེ་སྐད་སྨྲས། །སྨྲ་བ་འཇམ་དབྱངས་བཞད་པའི་རྡོ་རྗེ་ཡིན། །

    བླ་མ་ཡི་དམ་གསོལ་བཏབ་བསགས་སྦྱངས་གཤིན་ས་ལས། །ལེགས་འཁྲུངས་ལུང་གི་འབྲས་བུ་གཞོན་ནུ་སྨོན་ལམ་ཆུས། །བརླན་བྱས་དགའ་བདེའི་མེ་ཏོག་གཡུར་དུ་ཟ་བ་དེར། །ཡིད་ཀྱི་བུང་བ་སྤྲོ་བའི་འཕུར་ལྡིང་ཅི་ཡང་བྱེད། །བརླིང་བརླིང་མཁས་གསུངས་གནམ་ལྕགས་སྤུན་ཟླ་དེས། །ཟོབ་ཟོབ་ཚིག་སྦྱོར་དམའ་འབེབས་ཕ་རོལ་རིར། །དྲག་དྲག་ཐལ་སྐད་འབྲུག་སྒྲ་དགོད་པ་དང༌། །བསམ་བསམ་བཞིན་དུ་ལྷན་ཅིག་མེད་པར་བཅོམ། །འཁྲུལ་བའི་མ་དག་སྣང་བ་འཇའ་ལྟར་བཀྲ། །མཐའ་མེད་འཁོར་བའི་གནས་འདི་མེ་ཀློང་འདྲ། །ངེས་འབྱུང་རྒྱུད་ལྡན་མཆེད་གྲོགས་ཉིན་སྐར་སོང༌། །ཀྱེ་བདག་སེམས་འདིར་ཅི་ཞིག་མི་འཆར་ཅི། །ལས་རླུང་དྲེག་པོས་མི་འདོད་ཕྱོགས་སུ་བསྐྱོད། །འཁོར་བའི་རྒྱ་མཚོར་སྡུག་བསྔལ་ན་ཀྲའི་ཁར། །ལུས་ཀྱི་རྫིང་བུ་འཆི་བདག་གིས་བོས་བཞིན། །ཀྱེ་རྨོངས་ཁྱོད་ནི་སོས་དལ་འདུག་ཁོམ་མཚར། །ལས་རླུང་གིས་བསྐྱོད་འཁོར་བ་ངེས་མེད་ནི། །ཕ་མ་དག་ཀྱང་བུ་དང་ཆུང་མར་གྱུར། །དགྲ་སོགས་དག་ཀྱང་གྲོགས་དང་དགྲ་རུ་གྱུར། །ཀྱེ་བདག་ཕྱོགས་འཛིན་མི་འདོར་ཅི་ཞིག་བསམ། །ཚེ་འདི་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །དགྲ་གྲོགས་ངེས་མེད་བྱ་སྤུ་རླུང་ཁྱེར་འདྲ། །འཁོར་བའི་བདེ་བ་མཛེ་ཅན་མེས་བསྲེགས་འདྲ། །ཚིག་འདི་ཚིག་ཏུ་མ་འཇོག་དོན་དུ་ཟུངས། །ཀྱེ་ཁྱོད་དགེ་སྦྱོང་སྒྲ་སྤྱིར་སོང་མིན་ནམ། །ཁྱོད་ནི་ཆུ་སྐྱར་བྱི་ལའི་སྤྱོད་པ་དེ། །ཆོས་བརྒྱད་གདོན་དང་ལྷན་ཅིག་ཆོམས་མཛོད་ལ། །དབེན་པའི་ལྡིང་ཁང་དག་ཏུ་མི་རྒྱུ་ཅི། །བསམ་དོན་གཅིག་ཆོད་མེད་ན་སྨྱོན་པ་རང༌། །ཁ་སྨྲས་སེམས་མི་ཟིན་ན་བཟི་བོ་ཡིན། །ཚེ་འདི་གཙོ་བོར་འཛིན་ན་དུད་འགྲོ་ཡིན། །བདེ་འདོད་དགེ་མི་སྒྲུབ་ན་བླུན་པ་ཡིན། །ད་ནི་ཚེ་འདིའི་བྱ་བ་ཆོས་བརྒྱད་སོགས། །གཡང་སྐྱུར་དབེན་པར་ཚེ་ལྷག་སྣུམ་ཟད་ཀྱི། །སྒྲོན་མེ་ཆོས་ཀྱི་སྣང་བས་སྐྱོང་བ་ལ། །བླ་མ་ཡི་དམ་ཆོས་སྐྱོང་གྲོགས་མཛོད་ཀྱེ། །མང་ཐོས་ཤར་རིའི་རྩེ་རུ་མ་ཕྱིན་པའི། །ཐུབ་བསྟན་པདྨོའི་གཉེན་དུ་མ་གྱུར་ཡང༌། །ལེགས་བཤད་སྣང་བ་གཞོན་ནུ་བརྒྱ་སྤྲོ་བའི། །བུམ་ནང་ཨ་ལོ་ཀེ་གཅིག་འདི་ན་འདུག །མཁས་པའི་གསུང་རབ་ནགས་ཚལ་སྟུག་གཡོ་ན། །རང་འདོད་ཆོས་ཀྱི་ལམ་འགྲོ་ལུང་རིགས་ཀྱི། །གཤོག་ཟུང་གཞོན་ནུ་འཛིན་ཅིང་ཆོས་བརྒྱད་ཀྱི །མི་གཙང་སྤངས་ཙ་གོ་ར་གཅིག་ཡང་ཡིན། །རྒྱལ་གསུང་དབྱར་རྔའི་བདེ་ཁུར་མངལ་འཛིན་ཅིང༌། །ཚུལ་འཆོས་གཤོག་ཟུང་ནག་པོ་རབ་སྤངས་ཤིང༌། །སྙན་ཚིག་སྒྲོ་མདོངས་མཁས་ཀུན་དགའ་བྱེད་གར། །བསྒྱུར་མཁས་སྔོན་མེད་མགྲིན་མཛེས་གཅིག་ཀྱང་འདུག །མང་མང་ཚིག་གི་སྦྱོར་བ་རབ་སྤངས་ཀྱང༌། །སྙན་སྙན་ལེགས་བཤད་ཚིག་འགའ་དྲན་པའི་ཚེ། །དཀར་དཀར་ཤོག་བུའི་ཐང་ལ་ཚིག་གི་རྗེས། །ཡང་ཡང་འགོད་འདི་སྤྲང་བཙུན་ངག་དབང་ཡིན། །མཁས་ནས་འདི་འདྲ་བྱས་པ་མིན་མོད་ཀྱང༌། །བླ་མའི་བཀའ་དྲིན་དྲན་དང་སྣང་ཚུལ་འགའ། །ཡིད་ལ་ཤར་ཚེ་རང་སེམས་གསོལ་འདེབས་རྔ། །ཡིད་ཀྱི་དབྱུ་གུས་བསྐུལ་ནས་འདི་སྐད་བསྒྲགས། །

    ན་མོ་སྭ་ར་སྭ་སྟྱཻ། གང་གི་དགྱེས་བཞད་འཛུམ་ཟག་བདུད་རྩིའི་ཆ། །ཕྲ་མོ་ཡིས་ཀྱང་སྙིང་མུན་ཀུན་སེལ་ཞིང༌། །འཆི་མེད་བདེ་འཐུང་རོ་བརྒྱར་རྫོགས་སྟེར་བའི། །ངག་གི་ལྷ་མོས་སྤོབས་མཆོག་ལྷུན་གྲུབ་མཛོད། །མདེའུ་མེད་པར་རྣོ་བའི་ཉོན་མོངས་མདས། །བཅད་པ་མེད་པར་ཟུག་རྔུས་གདུངས་པའི་མ། །འདི་ཀུན་ཅི་བདེར་བོར་ཏེ་རང་བདེ་ལ། །ཉིན་མཚན་སྤྱོད་བྲེལ་དབེན་པར་སོས་བདེ་བཞིན། །འོན་ཀྱང་རྒྱ་གར་མཁས་གྲུབ་རྣམ་ཐར་བགར། །དབེན་པར་རང་བཏུལ་ལེགས་བཤད་དྲི་བསུང་ཚོགས། །གསར་བའི་ཚོགས་ཀྱིས་བློ་ལྡན་རྣམ་དཔྱོད་ཀྱི། །སྐྱོ་ར་འགེངས་བཞིན་འདོད་ལ་རྨད་དུ་བྱུང༌། །གཏི་མུག་འཐིབ་པོར་སྤྱོད་ལ་ཟབ་རྒྱས་ཆོས། །སྣང་བྱེད་མཆོག་ཏུ་འབར་བའི་མཁས་པ་འགའ། །སྟོན་དང་བསྟན་འཛིན་རྒྱན་དྲུག་སོགས་བཞིན་དུ། །དུས་མཐའ་འདིར་ཡང་ཀུན་གྱི་མིག་མིན་ནམ། །ཀྱེ་མ་ཕྲ་ཞིང་ཞིབ་པའི་རྣམ་དཔྱོད་ཀྱིས། །དཔག་པར་དཀའ་ཞིང་ཤིན་ཏུ་ཟབ་པའི་དོན། །དགག་སྒྲུབ་རྣོན་པོས་འཛངས་པར་གཏན་འབེབས་པ། །རྨོངས་པས་བསླད་མིན་མཁས་པའི་ངང་ཚུལ་ཙམ། །དོན་དང་ཚིག་རེ་ལ་ཡང་ངོ་བོ་ཆོས། །རྣམ་གྲངས་ལྡོག་ཆ་དྲིས་ལན་འབྲེལ་སོགས་ཀྱིས། །དབྱེ་ཞིང་དབྱེ་ནས་གསར་བ་གསར་བ་ཡིས། །རིགས་པས་བསྒྲུབ་པའང་མཁས་པའི་ངང་ཚུལ་ཙམ། །འཇམ་མགོན་བླ་མ་རྗེ་བཙུན་ཙོང་ཁ་བའི། །བཤད་དང་སྒྲུབ་པའི་ཆོས་ཀྱི་རྔ་བོ་ཆེ། །ཁོ་བོས་རྣམ་དཔྱོད་དབྱུ་གུས་རབ་ཏུ་བརྡུངས་པའི་སྒྲས། །རབ་མཁྲེག་འཁོར་བ་རྡོ་རྗེའི་མཐའ་ཡང་རལ། །ཤེས་བྱའི་ཕ་མཐའ་ཟོས་པ་ཁྱོད་བློའི་ལྟོར། །འགྲན་པའི་སྤོབས་ལྡན་ཆོས་དེ་མ་མཐོང་བར། །སྐྲག་ལྡན་རྒྱུ་སྐར་གཞོན་ནུ་དེ་དག་གིས། །བཅུ་གཉིས་བདག་པོར་སྐྱབས་ནས་མཁའ་ལ་ཞུགས། །སྲིད་སྒྲུབ་སྒྲོ་ལྡན་མ་དག་རྗེས་འགྲོ་རིགས་ཤེས་ཀྱིས། །ཀུན་རྫོབ་དངོས་པོའི་འབེན་དག་འབིག་བ་བཞིན། །མ་བཏབ་ཕྱར་བ་ཙམ་གྱི་གྲིབ་མ་ཡིས། །གཅོད་པ་གྲིབ་མའི་གྲི་གུག་ཆུ་ལ་མཆིས། །གདུལ་བྱའི་ཡོལ་གོ་གཞན་གྱིས་ཐུབ་མིན་པའི། །བླ་མེད་རྒྱུད་སྡེའི་སེང་གེའི་འོ་མ་གང༌། །གདུལ་བྱ་རིན་ཆེན་སྣོད་དུ་འཁྱིལ་བ་འདིས། །སྐལ་ལྡན་སྤྱད་ཤེས་ཡོངས་ཀྱི་རེ་བ་སྐོང༌། །སྔོན་བྱོན་དྲང་སྲོང་གཞན་གྱི་བགོ་སྐལ་དུ། །མ་ཐོབ་མདོ་རྒྱུད་མན་ངག་གངྒཱ་ཆེ། །བློ་བཟང་སྐལ་ལྡན་ཤིང་རྟས་ཕབས་པ་གང༌། །དཔེ་མཁྱུད་ཁྱབ་འཇུག་རལ་བར་འཛིན་མིན་དང༌། །ནམ་ཡང་རྒྱུན་མི་འཆད་པའི་ཐོས་བསམ་རྒྱུན། །ཉིན་བཞིན་འབབ་ཀྱང་མི་ཚིམ་ཆུ་ཡི་གཏེར། །རིན་ཆེན་འབྱུང་ཡང་གདུག་པ་ལྡན་མིན་པ། །རྟག་ཏུ་ཕན་པའི་རླབས་ཕྲེང་ཅན་འདི་མཚར། །

    ན་མོ་སྭ་ར་སྭ་སྟྱཻ། དམ་པའི་ཟླ་བ་ཟླ་བ་མཆོག་གང་ལས། །ལེགས་བཤད་བདུད་རྩི་བདུད་རྩི་བཞིན་དུ་སྤྲོ། །གཏི་མུག་མུན་པ་མུན་པ་བཞིན་དུ་སངས། །ཕན་བདེའི་རྒྱ་མཚོ་རྒྱ་མཚོ་ཇི་བཞིན་འཕེལ། །སོ་མཱ་མིན་ཀྱང་དཀར་སྣང་ཀུན་ལ་སྤྲོ། །འོད་སྟོང་མིན་ཀྱང་ས་གསུམ་མ་ལུས་གསལ། །ནོར་འཛིན་མིན་ཀྱང་སྐྱེ་དགུ་འདེགས་ནུས་པ། །རྨད་དུ་བྱུང་བའི་མགོན་ཁྱོད་རྒྱལ་གྱུར་ཅིག །ཡེ་ཤེས་སྡེ་ཚན་གཟུགས་མིག་ལས་གྲུབ་ཆོས་ཀྱི་སྐུ། །གསང་གསུམ་ངོ་མཚར་གཏེར་གྱུར་ལྔ་ལྡན་ལོངས་སྤྱོད་རྫོགས། །གང་འདུལ་རོལ་བ་འབུམ་འགྱེད་མཆོག་གི་སྤྲུལ་བའི་སྐུ། །སྐུ་གསུམ་དབང་ཕྱུག་སྨྲ་སྟོན་ལྷ་མོས་དགེ་ལེགས་སྩོལ། །རྒྱལ་བའི་ཐུགས་བཅུད་སྔོན་གྱི་མཁས་གྲུབ་ཚོགས། །བུང་བ་བཞིན་སྡུད་ངེས་གསང་དབང་རྒྱལ་ལས། །དེང་འགར་ཇ་སུན་སྣུམ་ལྡན་ཟན་འཆང་གིས། །འཛུམ་སྟོན་འཁོར་སྡུད་ནུས་པ་མཆོག་ཏུ་ཆེ། །

    ན་མོ་སྭ་ར་སྭ་སྟྱཻ། གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་མཛོད། །ཐབས་སུ་མཁས་པའི་སྒྱུ་འཕྲུལ་དྲ་བ་ཆེ། །གང་འདུལ་གཟུགས་སྐུའི་རྣམ་རོལ་འཇོ་སྒེག་གར། །སྒྱུར་བའི་རྣམ་འདྲེན་ཁྱབ་བདག་བླ་མར་འདུད། །མང་ཐོས་མཁས་པ་མཐོང་ཡང་དཀར་མི་འཛུམ། །དམ་པའི་ལེགས་བཤད་ངག་དང་རིང་ནས་འཁོན། །སྡིག་པ་ནག་པོ་ཁོ་ནར་ཡིད་གཏད་མིག །འདི་སྣང་ལ་ཞེན་སྦྲུལ་ངན་བོར་ནས་བདེ། །འཇིག་རྟེན་རབ་དགའ་རྒྱས་.....རྒྱུ་སྐར་པའི་འཕྲེང་བ་བཀྲིགས། །རྟག་ཏུ་རྣམ་པར་དཀར་བ་ཁོ་ན་འཛག །ལྷག་པའི་བསམ་པ་བརྟན་པའི་རི་བོང་ཅན། །ཐུབ་བསྟན་ས་མོས་.....ཟླ་བ་གཉེན་དེ་ཁྱོད་ལས་སུ། །མཁས་དང་བཙུན་དང་བཟང་དང་གྲུབ་པ་བརྙེས། །ཞི་དང་བྲལ་དང་དེས་དང༌ཤིན་ཏུ་དུལ། །དམ་པ་དག་གི་མཛད་པ་མ་ལུས་ཀྱང༌། །རྒྱལ་བས་ཁྱོད་ཉིད་ཁོ་ནར་བྱིན་ནམ་ཅི། །ཟབ་དང་བརླིང་དང་མ་ཟློས་མི་དམན་པའི། །བརྗོད་བྱ་རྗོད་བྱེད་སྐྱོན་གྱིས་གོས་མིན་གསུང༌། །ཐུབ་པའི་མཚན་བཟང་མགུར་ལས་འོང་བ་དག །མ་བསླབ་བརྩེ་པའི་འཛུམ་གྱིས་འགྲོ་ལ་འདོམ། །མ་ཞུམ་མི་དམན་ཧ་ཅང་ང་མི་རྒྱལ། །དལ་དང་འབྲེལ་དང་ཕྲ་དང་ཞིབ་དང་ཟབ། །རྣམ་དཔྱོད་སྲིད་སྒྲུབ་མདའ་ཡི་ནུས་ཅན་གྱིས། །རྩོད་ལ་ཕྱོགས་ལས་རྣམ་རྒྱལ་ཆོས་གྲགས་བཞིན། །སྙན་དང་འཇེབས་དང་ཟབ་དང་བརླིང་པའི་ངག །དཔྱད་པ་གསུམ་གྱི་ལམ་ནས་འོང་བ་གང༌། །དག་བྱེད་གངྒཱའི་དཔལ་དེ་བདག་གིར་བྱས། །ཚོགས་ཀྱི་མཆོག་གྱུར་དགེ་འདུན་འདུས་པའི་སྡེ། །མཁས་བཙུན་བཟང་པོས་རྒྱུད་གང་སེར་བའི་ཞྭས། །གཙུག་ཏོར་མཛེས་ལྡན་ངུར་སྨྲིག་འཛིན་པའི་སྡེས། །འཛིན་མའི་ཁྱོན་ཡངས་མ་ལུས་འགེངས་པར་ཤོག །སྟོན་པའི་ཞལ་སྐྱིན་བླ་མའི་ཞབས་བརྟན་ཤོག །བསྟན་འཛིན་འདུས་སྡེ་མཐུན་ཞིང་རྒྱས་བར་ཤོག །འགྲོ་ལ་ལེགས་སྟེར་མི་དབང་སྲིད་བརྟན་ཤོག །དགེ་མཚན་ལེགས་པས་འཛིན་མ་ཀུན་ཁྱབ་ཤོག །ཉི་གཞོན་མངལ་དུ་འཛིན་པའི་དང་པོའི་རི.....ཆུ་འཛིན། །རིན་ཆེན་ལྟོ་བ་གྱེས་པའི་ཆུ་གཏེར་བཞིན། །དམ་པའི་རིན་ཆེན་.....རང་བཞིན། ལྷན་སྐྱེས་བདེ་ཆེན་ལས་གྲུབ་ཟུང་འཇུག་སྐུའི་ཁོ་ན་ལས་གྲུབ་པའི །མངལ་ལྡན་མ་འདི་ལྷ་མོ་སྒྱུ་འཕྲུལ་མ། །གང་ཞིག་བལྟམས་ཚེ་ལུས་ནི་རབ་གཞོན་ཀྱང༌། །བློ་ནི་རྒྱལ་བ་ཀུན་ལས་རབ་རྒན་པའི། །རྒྱལ་སྲས་ཟླ་བ་རྣམ་དཔྱོད་འོད་སྟོང་གིས། །མདོ་རྒྱུད་པད་ཚལ་རྒོད་པ་ཨེ་མ་རྨད། །

    དགེ་དབང་རྗེས་སུ་འགྲོ་བའི་ངག་གི་དབང༌། །འཇམ་དཔལ་མཁྱེན་པས་སྙེམ་པའི་ལང་ཚོ་ལ། །དགྱེས་ལྡན་དབྱངས་ཅན་བཞད་པའི་ཕང་འགྲོའི་དབྱངས། །མགྲིན་པར་བླངས་པ་དབང་པོ་རྡོ་རྗེ་དངོས། །ཐུབ་བསྟན་རིས་མེད་གསེར་གྱི་རྔ་བོ་ཆེ། །ཐོས་བརྩོན་མི་དམན་དབྱུ་གུས་བསྐུལ་བ་ལས། །ལེགས་སྟོན་ཚངས་དབྱངས་ངག་གི་འདོད་པ་འཇོ། །སྐལ་ལྡན་གཉིད་ཀྱིས་ཡུར་ཀྱང་རྣ་བར་སྙན། །གསུང་གི་དབང་ཕྱུག་དཀར་དམར་རིག་བྱེད་མ། །ཉི་ཟླ་ཟུང་གིས་ཁོ་བོའི་བློ་གྲོས་མཁའ། །བཟུང་ནས་རྨོངས་པའི་དྲི་མ་བཅོམ་དང་ལྷན། །རྩོད་པའི་པདྨ་རྩོམ་པའི་ཀུནྡ་ཕྱེ། །འཇམ་མགོན་ཉིན་བྱེད་སྒྲ་དབྱངས་རི་བོང་ཅན། །རིང་ནས་བོས་ཏེ་ཁོ་བོའི་བློ་མཁའ་ལ། །ཞུགས་ཚེ་རྨོངས་པའི་མུན་བསལ་ཉིད་དང༌ལྷན། །བློ་ཡི་པདྨ་རྩོམ་པའི་ཀུ་མུད་རྒྱས། །ཁོ་བོའི་བློ་དང་ཉིད་བྱེད་ལྡན་པའི་མཁའ། །བརྩམ་པའི་ངག་དང་ནོར་བུ་འབྱུང་བའི་མཚོ། །ཕན་ཚུན་མཚུངས་ལས་ཟབ་རྒྱས་ངང་ཚུལ་ལ། །དཔྱོད་ཕྱིར་མེས་པོས་ཀྱང་ནི་གདོང་བཞི་སྤྲུལ། །སྦྱངས་པའི་ས་འཛིན་སྤོར་ཕྱིར་དཔྱོད་པའི་སྤྱན། །དཀྱུས་རིང་སྟོང་ཕྲག་བགྲད་དེ་བརྩོན་པ་ཡི། །རྩེ་བརྒྱས་ཉེས་བཤད་རི་བོ་བགྲོད་བཅོམ་པས། །རྨོངས་པའི་ལྷ་མིན་མོ་ཡི་མངལ་ཀུན་ལྷུང༌། །བགྲང་བྲལ་རྡུལ་གྱི་གྲངས་ལ་ལྟ་བའི་མ། །ལེགས་བྱས་འོད་སྣང་བཏང་སྟེ་སྡིག་མུན་དུ། །གཅིག་ཏུ་རྨོངས་པར་མནལ་བ་འདི་དག་གིས། །བདག་སེམས་ས་མཆོག་ཇི་བཞིན་བསིལ་བར་བྱས། །བསླབ་དང་སྦྱངས་ལ་སྲིན་བྱས་སྣང་གཏེར་དཔེ། །སྐྱིད་དང་གྲགས་ལ་བསྐྲད་ནས་འབོད་པ་འགའི། །ཐུགས་ཀྱི་ངོ་ན་རྣལ་མ་མཆིས་མ་མཆིས། །ཟླ་བའི་འོད་ཀྱི་མུན་པ་འདི་ལ་མཐོང༌། །སྔོན་བསགས་མེས་བོས་བྱིན་པའི་སྙན་ངག་གི །གངྒཱ་འདི་ཀོས་དྲི་མ་ཉེར་སེལ་ཀྱང༌། །ཁྱབ་འཇུག་རྐང་པ་བཀྲུས་མིན་རྣམ་དཔྱོད་ཀྱི། །རལ་བ་ཁོ་ནས་འཛིན་འདི་ཕལ་དང་ཅི། །བླ་མའི་གསུང་གི་ཉི་ཟེར་གྱིས་ཕྱེ་བའི། །སྨྲ་བ་འདབ་བརྒྱར་རྫོགས་པའི་སྙན་ཚིག་དྲིས། །ཕྱོགས་ཀྱི་བློ་གསལ་དྲུག་ལྡན་ཀུན་བསྡུས་ནས། །ལེགས་བཤད་སྦྲང་རྩིས་ངོམས་པར་བྱས་པ་འདྲ། །འགྲོ་བའི་བླ་མ་ཁོ་བོ་ལ་དགྱེས་པའི། །ལེགས་བྱས་ཚོགས་གཉིས་བླ་ན་འབར་བའི་རྔ། །དམན་མིན་དད་པའི་དབྱུ་གུས་བསྐུལ་བ་ལས། །བྱུང་བའི་གྲགས་སྙན་རྣ་བའི་འདོད་པ་འཇོ། 

    སངས་རྒྱས་ཀུན་གྱི་གསང་གསུམ་རྒྱ་མཚོ་ཆེ། །དམ་པའི་གཟུགས་སུ་འཁྱིལ་བའི་ཟློས་གར་གྱི། །ཞལ་ལུང་མ་ཉམས་ལེགས་པར་འོངས་པ་འདི། །རྡོ་རྗེ་ཐེག་པའི་གསང་བ་ལས་ཆེས་གསང༌། །སྙན་བརྒྱུད་སྙིང་པོ་ཅན་གྱི་ཉམས་མྱོང་ཁྲིད། །མ་ཐོབ་ཚིག་སྤྱི་ཙམ་གྱི་བཟླས་ལུང་ལ། །བརྟེན་ནས་འཁྲིད་པའི་བླ་གཟུགས་འདི་དག་གིས། །སྙན་བརྒྱུད་འདི་འདྲ་མཐོང་ཚེ་སྙིང་འགས་སམ། །མཁའ་ཡི་མཐའ་ལ་བཅལ་བའི་ཡོན་ཏན་གྱིས། །ཆེས་ཆེར་ལྕི་བའི་ཁུར་གྱིས་ས་འཛིན་མ། །རབ་ནོན་མ་ཐེག་འཁུན་བུ་སྤྲིན་གྱི་སྒྲར། །འབྱིན་པའི་རྔུལ་ཆུ་དབྱར་གྱི་ཆར་བཞིན་འབབ། །མཚམས་སྤྲིན་གོས་ཅན་གཞོན་ནུའི་གདུང་སེམས་མཆུ། །ན་སོས་རྒན་ཀྱང་ཉེ་མིན་གཅིག་ཤོས་ལ། །བར་མ་དགའ་རབ་དགའ་བའི་ཕྲེང་བ་ཡིས །མི་འཛུམ་ནག་དང་དམར་པའི་འཛུམ་འདི་ཅི། །གཞལ་དཀའི་གངྒཱ་སྐྱེས་ཀྱི་གོང་བུ་ཆེ། །གདོང་རྩར་འོང་ཚེ་ཉེ་བར་སྤྱོད་མིན་པར། །རྒྱུ་མ་ལེབ་མོའི་ནད་ཀྱི་འཇོམས་བྱེད་གཞན། །བསྟེན་པར་བྱེད་གང་བློ་དང་ལྡན་ནམ་ཅི། །གང་ཞིག་བསྟེན་ན་རང་གསལ་གཞན་གསལ་བ། །ཡངས་པའི་མཁར་འགྲོ་བཅུ་གཉིས་བདག་བོར་ནས། །བྲག་ཆའི་རྗེས་ཟློས་ཙམ་ལ་ཞེན་པ་ཡིས། །མཚན་མོར་རྒྱུ་བའི་སྤུན་ཟླ་བྱེད་པ་ཅི། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་མཐར་སོན། །མཐའ་ཀླས་གྲུབ་མཐའི་ཆུ་གཏེར་ཆེ་དེ་བརྒལ། །གནས་ལྔ་དཀའ་གནས་མཁའ་ལ་རྒྱུ་སྐར་ལྟར། །མ་འདྲེས་ཡིད་ལ་གསལ་དེས་འདི་བརྩམས་སོ། །ཁྱད་འཕགས་དོན་གྱི་བཞིན་ལྡན་མེ་ལོང་མ། །ཀ་ཡེ་བྱིས་པའི་འཁྲུལ་སྤྱད་གོས་ཧྲུལ་སྐྱུར། །གསར་བཤད་སྙན་འཇེབས་དུ་ཀུ་ལ་ཡི་རས། །གྱོན་ལ་རྨད་བྱུང་འཛུམ་པའི་དཔལ་ངོམས་ཤིག །ཐུབ་བསྟན་མཁའ་དབྱིངས་གསལ་བྱེད་ཐ་སྙད་ཀྱི། །རིག་གནས་བཅུ་གཉིས་བདག་པོས་གསལ་བྱས་པས། །མང་ཐོས་འདབ་བརྒྱ་ལྡན་པས་ཕྱོགས་ཀུན་ཁྱབ། །བློ་བཟང་བསྟན་པའི་འཛིན་མ་མཛེས་གྱུར་ཅིག །ཤེས་བྱར་ཡོད་དོ་ཅོག་ཀུན་མང་ཐོས་ཀྱི། །ཉ་ལྕིབ་ཁོག་པར་བསྒྲུབ་པའི་གནས་ལྔའི་བསྟན། །འཁྲུལ་བྲལ་མུཀ་ཏི་ཀ་ཡི་དོ་ཤལ་གྱིས། །བློ་གསལ་མགྲིན་མཛེས་བློ་བཟང་བསྟན་པའི་རྒྱན། 

    ནམ་སྭ་ར་སྭ་སྟྱཻ། སྐྱབས་མཆོག་གསུམ་དང་བླ་མ་ལྷག་པའི་ལྷ། །གུས་པས་འདུད་དོ་རེ་བ་འབྲས་ལྡན་མཛོད། །སྔོན་སྦྱངས་བག་ཆགས་སད་ཅིང་ཆོས་ཀུན་ལ། །ཐོགས་མེད་མཁྱེན་པའི་སྤྱན་རས་ཀྱིས་མཐོ་བའི། །གནས་ལྔ་གཟིགས་པའི་མ་ཧཱ་པཎྜི་ཏའི། །ཐུགས་བཞེད་བུམ་ནང་བདུད་རྩི་འདི་བཞེས་འཚལ། །དལ་འབྱོར་རྙེད་དཀའ་སོམས་ལ་སྒོ་གསུམ་པོ། །མངོན་ལྐོག་མེད་པར་དམ་པའི་རང་བཞིན་མཛོད། །ཚེ་འདི་ལོང་མེད་དགོངས་ལ་ཉིན་མཚན་དུ། །ཡང་ཡང་རྒྱུན་དུ་སྐྱབས་འགྲོ་ལས་འབྲས་སྒོམས། །སྐྱབས་ལ་ཡིད་ཆེས་བསྐྱེད་ལ་ཟང་ཟིང་དང༌། །སྒྲུབ་པའི་མཆོད་པ་རྒྱུན་དུ་ཐུགས་ལ་བསྟེན། །འཆི་ཚེ་ལས་དབང་བསམ་ནས་སུའི་དོན་དུའང༌། །སྡིག་པ་མི་སྤྱད་དཀར་པོའི་ལས་ལམ་སྦྱོངས། །རྩ་བ་ལས་ཉོན་གཉིས་དང་དེ་ལས་ཀྱང༌། །ཉོན་མོངས་ནང་ནས་བདག་འཛིན་སྤོང་བྱེད་དུ། །བདག་མེད་གཉིས་ཀྱི་སྒོམ་ཚུལ་ཚིག་སྤྱི་དང༌། །ཧྭ་ཤང་མུ་སྟེགས་སོགས་ཀྱི་སྟོང་ཧད་དང༌། །མ་ནོར་དེ་ཉིད་སྒོམ་ཚུལ་ཆེས་ཕྲ་ཚོལ། །གཞན་གྱི་དོན་དུ་འབད་རྩོལ་མ་བྱས་ན། །ཚོགས་ལ་ཇི་ཙམ་བརྩོན་ཀྱང་ཐམས་ཅད་མཁྱེན །མི་ཐོབ་དེ་ཕྱིར་བྱང་ཆུབ་སེམས་བཟང་པོ། །དོན་གཉིས་རྒྱུ་ཡིན་འདི་ལ་དུས་ཀུན་འབུངས། །འདི་མེད་གཞན་དོན་བྱས་ཀྱང་རང་དོན་དུ། །འགྱུར་ཚུལ་སོམས་ལ་དུས་ཀུན་ཐུགས་ཐུལ་ཞིག །དེ་ལྟར་བྱས་ན་ཕ་དགའ་བུ་ལ་ཡང༌། །དེ་བས་དགའ་བའི་ནོར་ནི་ག་ལ་དགོས། །མཐོ་དམན་ངེས་མེད་བསྒོམ་ནས་དགེ་ལེགས་ཀྱི། །རྩ་བ་བཤེས་གཉེན་དམ་པ་ཐོད་དུ་ཁུར། །ཚིག་ཚོགས་མང་ཡང་ཀི་སྟོང་དོན་མེད་ཡིན། །ཚིག་ཉུང་གནད་གསལ་ཞུ་ཡིག་དབྱངས་ཅན་མའི། །ཕྱག་མཛེས་ལེགས་བཤད་བཻཊཱུར་པི་ཝང་རྒྱུད། །འཆད་མཁས་སོར་མོས་བསྐུལ་ལ་ཚངས་པ་ཡང༌། །བཞི་གཉིས་སྙན་གྱིས་མཉན་སྙམ་དགྱེས་ཕྱིར་འབུལ། །

    ཞེས་པའང་གནས་ལྔ་རིག་པའི་པཎ་ཆེན་ཆགས་པ་ཆོས་འཕེལ།.....ཚོགས་གཉིས་ཞབས་དགྱེས་པའི་རོལ་གར་དུ་མང་ཐོས་འཇམ་དབྱངས་བཞད་པས་མཚམས་ཀྱི་ཐུན་མཚམས་ཞིག་ལ་བྲིས་པ།

སརྦ་མངྒ་ལཾ།

                                                                                                                              རྩོམ་སྒྲིག་པ། མང་ར་བ།

     གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                   དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།