ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་ཐོར་བུ་ཁྲིགས་ཆགས་སུ་བསྡེབས་པ་ལས་སྣ་ཚོགས་ཀྱི་སྐོར་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-14 19:48:12     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

222654797547263026.jpg

    ༄༅། །ཛྙཱ པྲ྇  ནྣ྇ ཀ྇ ཡ྇ ནི྇ ཁི྇ ལཾ ག྇ མྦྷི ྇རཿ པ྇ ཏི ྇སྭ ྇ར ྇ཏ྇རཿ ཙི ྇ཏྟ྇ ཡོཿ ཀ྇ རུ྇ ཎ྇ པྲ྇ཛ྇ ཿ  ཉྫུ྇ ཤྲཱི ྇པྲ྇ ས྇ ད ཨཱ ཀུ རུཿ

    མཁྱེན་རབ་མ་ལུས་འདུས་པའི་སྐུ། །ཟབ་ལྡན་དབྱངས་ནི་ཕུལ་དུ་བྱུང༌། །ཐུགས་ཀྱི་བརྩེ་བས་སྐྱེ་དགུ་བསྲུངས། །འཇམ་དཔལ་བཀའ་དྲིན་ཀུན་ཏུ་མཛོད། །འབྱོར་བས་མི་སྙེམ་རྒུད་པས་ཞུམ་པ་མིན། །གཉེན་ལ་མི་ཆགས་དགྲ་ལ་སྡང་མིན་པར། །ཐམས་ཅད་རོ་མཉམ་ཆེན་པོར་རོ་གཅིག་ཏུ། །ལེགས་ཞུགས་ས་ཐོབ་འགྲོ་བའི་གཉེན་རྣམས་རྒྱལ། །རོ་མཉམ་གྱུར་ཀྱང་ཆོས་བཞིན་ཉོན་མོངས་བསྒྲུབས་པ་མིན། །ཀུན་ལ་མཁས་ཀྱང་ལྟ་ངན་རྒྱུ་བཅས་རྣམ་པར་ཉམས། །རྩེ་གཅིག་བསམ་གཏན་གྲུབ་ཀྱང་ཀུན་ལ་རབ་ཏུ་དཔྱོད། །ཐུགས་ནི་དྲི་མས་དམན་ཀྱང་བླ་ན་རབ་མཐོ་རྒྱལ་གྱུར་ཅིག །འདིར་སྨྲས་པ། སྔ་མའི་ངག་འགྲོས་འཁྱོག་པོའི་མཁར་བ་ཙམ། །སྐྱབས་སུ་བསྟེན་པའི་ཚིག་གི་ཝུ་བའི་ཕྲེང༌། །རྣམ་པར་བརྟགས་དཀའི་ཡི་གེའི་དྲི་མ་རྣམས། །གཞན་གྱིས་བསྐུལ་ཚེ་དག་པར་བྱས་སོ་ལོ། །ཕལ་ཆེར་ལེགས་བཤད་རིན་ཆེན་ས་ལེ་སྦྲམ། །འགའ་ཞིག་ཉེས་བཤད་ལྕགས་ཀྱི་ཕྱེ་མ་རྣམས། །འདྲེས་པ་མཆན་གྱི་ཕྲན་བུས་ཕྱེ་ན་ཡང༌། །ཕྲག་དོག་མ་ལགས་གཞན་ལ་ཕན་ཕྱིར་བཀོད། སྦྱངས་པའི་དབང་ཕྱོགས་ས་འཛིན་ཕྲག་པ་ལས། །རྣམ་དཔྱོད་གཞོན་ནུའི་འོད་དཀར་ཆེས་དཀྲིགས་པས། །མཁས་རློམས་རྒྱུ་སྐར་ཁེངས་པ་ཕྲོག་ནུས་ཀྱི། །འཆད་རྩོད་རྩོམ་པའི་ཀུན་ད་ཁོངས་ནས་འཛུམ། །ཞེས་པའང་འདི་ཞུས་དག་བགྱིད་པའི་ཚེ་སྨྲའོ། །

    ༈ འདུས་པའི་དབང་དང་བསྐྱེད་རིམ་གྱི་ཟུར་འདེབས་ཟབ་མོ་འགའི་བརྗེད་བྱང་བཞུགས་སོ། །ཀླུ་བྱང་གི་དཀྱིལ་ཆོག་ལས། དང་པོར་ས་ནི་སྦྱངས་པ་དང༌། །དེ་ནས་ས་ཡོངས་འཛིན་པ་དང༌། །ཕྱིས་ནི་བགེགས་རྣམས་ཉེར་ཞི་དང༌། །ཐོད་ལེ་ཀོར་གྱི་ཐིག་གདབ་དང༌། །དེ་ནས་ས་ལྷ་སོགས་ལྷག་པར། །གནས་དང་དེ་ནས་གསོལ་བཏབ་དང༌། །ཕྱིས་ནས་སློབ་མ་ལྷ་གནས་དང༌། །ནམ་མཁར་ཐིག་ནི་གདབ་པ་དང༌། །ཚོན་སྣ་ལྔ་ཡི་ཆོ་ག་དང༌། ཚོན་རྩི་རྣམས་ནི་འགྱེད་པ་དང༌། །ལྷ་རྣམས་སྤྱན་དྲངས་ཉིད་དང་ནི། །དེ་ནས་སློབ་མ་གཞུག་པ་དང༌། ཁྲུས་ཀྱི་དཀྱིལ་འཁོར་ཆོ་ག་དང༌། དེ་ནས་སངས་རྒྱས་དབང་བསྐུར་དང༌། །དེ་ནས་ཕྱག་མཚན་དབང་བསྐུར་དང༌། །བླ་མ་ལྷ་ལ་ཡོན་གཉིས་དང༌། །རྗེས་སུ་གནང་བ་སྦྱིན་པ་དང༌། །དེ་ནས་གཤེགས་གསོལ་ཆོ་ག་དང༌། །དཀྱིལ་འཁོར་ལས་བྱེད་ཕུར་བུ་དང༌། །སྐུད་པ་བསྡུ་བ་ཉིད་དང་སྟེ། །རབ་བཤད་ཆོ་ག་ཉི་ཤུ་ཡིན། །ཅེས་དང༌། འདུལ་འཛིན་པའི་རྒྱུད་ཕྱི་མའི་ཊཱིཀྐ་ལས། དེའི་ཚུལ་ཡང་བླ་མའི་མན་ངག་གིས་སློབ་མའི་ཆོ་ག་སྔོན་དུ་འགྲོ་བ་དང་བཅས་པས་ལྷ་དེ་ཉིད་ཀྱི་ཕྲེང་བ་མགོ་ལ་བཅིངས་པ་དང༌། གདོང་གཡོགས་དཀྲོལ་ཏེ་དཀྱིལ་འཁོར་བསྟན་པ་དང༌། བུམ་པ་ལ་མི་བསྐྱོད་པར་གྱུར་པའི་ཁྲུས་བྱ་ཞིང་དབང་བསྐུར་བ་དང༌། དབུ་རྒྱན་ལ་རིན་འབྱུང་སྒོམ་པས་དབང་བསྐུར་བ་དང༌། རྡོ་རྗེ་ལ་འོད་དཔག་མེད་སྒོམ་པས་དབང་བསྐུར་བ་དང༌། དྲིལ་བུ་ལ་དོན་གྲུབ་བསྒོམ་པས་དབང་བསྐུར་བ་དང༌། སྤྱི་བོར་རྣམ་པར་སྣང་མཛད་བསྒོམ་པས་དབང་བསྐུར་བ་དང༌། རིགས་ལྔའི་དམ་ཚིག་སྦྱིན་པ་དང༌། སློབ་དཔོན་གྱི་དབང་བསྐུར་བ་བྱས་ནས་སློབ་མ་དེ་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་བསྟན་ཏེ་བརྟུལ་ཞུགས་དང་ཤཱཀྱ་ཐུབ་པས་ལུང་བསྟན་པ་དང༌། རྡོ་རྗེ་འཛིན་པས་དབུགས་དབྱུང་བ་དང་རྗེས་སུ་གནང་བ་ལ་སོགས་ཏེ བུམ་པའི་དབང་དགུ་པོས་རྡོ་རྗེ་འཆང་ཆེན་པོས་སྤྲུལ་པའི་དཀྱིལ་འཁོར་དུ་རིག་པའི་དབང་བསྐུར་བ་ནི་བུམ་པའི་དབང་གི་ཆོ་ག་ཡིན་ནོ། །འདིར་མེ་ཏོག་ཕྲེང་བ་ནས་བཟུང་སྟེ་རྗེས་གནང་གི་བར་ལ་དབང་དགུ་ཞེས་གསུངས་ཤིང༌། དགུའི་ངོས་འཛིན་གསལ་བར་མ་གསུངས་སོ། །རིམ་ལྔའི་རིམ་པ་གསུམ་པ་ལས། དེའི་འོག་ཏུ་ཕྲེང་བ་དང༌། ཆུ་དང༌། རྫོགས་པའི་སངས་རྒྱས་དང༌། རྡོ་རྗེ་དྲིལ་བུ་སྦྱིན་པ་དང༌། མེ་ལོང་དང༌། མིང་དང༌། སློབ་དཔོན་དང༌། རྗེས་སུ་གནང་བ་དང་བཅས་པ་སྟེ། དེ་དག་དང་བཅས་པར་གསང་བའི་དབང་བསྐུར་བ་ཐོབ་ནས་ཞེས་གསུངས་པའི་དོན་ནི་བུམ་དབང་དགུ་པོ་དང་བཅས་པའི་གསང་དབང་བསྐུར་བ་ཐོབ་ནས་ཞེས་པའི་དོན་ཡིན་པས་ན་མེ་ཏོག་ཕྲེང་བ་དང༌། མི་བསྐྱོད་པ་ཆུའི་དབང་དང༌། རྫོགས་པའི་སངས་རྒྱས་ཏེ་རིན་འབྱུང་ཅོད་པན་གྱི་དབང་དང༌། འོད་དཔག་མེད་རྡོ་རྗེའི་དབང་དང༌། དོན་གྲུབ་དྲིལ་བུའི་དབང༌དང༌། མེ་ལོང་གི་དབང་དང༌། རྣམ་སྣང་མིང་གི་དབང་དང༌། རྡོ་རྗེ་སློབ་དཔོན་གྱི་དབང་དང༌། རྗེས་སུ་གནང་བའི་དབང་སྟེ་དགུའོ། །འདི་རྣམས་ནི་དབང་དགུ་ངོས་བཟུང་བ་ཡིན་གྱི། དེ་ལས་གཞན་བརྟུལ་ཞུགས་ལུང་བསྟན་དབུགས་དབྱུང་སོགས་ཀྱང་དགོས་སོ། །ཞེས་དང༌། རྒྱུད་ཆེན་བརྩོན་འགྲུས་འཕགས་ཀྱི་རྩ་རྒྱུད་ཊཱིཀྐ་ལས། རང་གི་གསང་གནས་མི་དམིགས་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ནོར་བུ་ལ་ཨོཾ་ཡིག་གིས་མཚན་ཞིང༌། བུ་ག་ཡི་གེ་ཕཊ་སེར་པོས་བཀག་པ། ཡུམ་གྱི་གསང་གནས་མི་དམིགས་པའི་ངང་ལས་ཨཱཿལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨཱཿས་མཚན་པ། བུ་ག་ཡི་གེ་ཕཊ་སེར་པོས་བཀག་པ་རྡོ་རྗེ་དང་པདྨའི་ནང་འོད་ཟེར་ལྔས་ཁྱབ་པ་སྟེ་གང་བ་སྒོམ་པར་བྱ་ཞིང༌། རིན་འབྱུང་གི་ང་རྒྱལ་གྱིས་རྗེས་ཆགས་དང༌། གཙོ་བོའི་ང་རྒྱལ་གྱིས་ཧཱུཾ་གླུར་བླངས་ཤིང་སྙོམས་འཇུག་གི་ལས་ལ་གནས་པར་བྱེད་པ་དང་ཕཊ་ངག་ཏུ་བརྗོད་པའི་སྒོ་ནས་སྤྱི་བོ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་རྩེའི་བར་དུ་ཕབ་པ་ལས་མཆོག་ཏུ་དགའ་བའི་བདེ་བ་སྐྱེས་པ་ན་དོན་གྲུབ་ཀྱི་ང་རྒྱལ་གྱིས་མཆོད་པ་དང༌། ཕཊ་ཅེས་བརྗོད་དེ་ཕཊ་ཀྱི་ཡི་གེའི་གཟུགས་བསལ་ནས་ཐིག་ལེ་ཡུམ་གྱི་པདྨར་ཡིད་ཀྱིས་ཕྱུང་སྟེ། དཀྱིལ་འཁོར་རྒྱལ་མཆོག་གི་རྟེན་དང་བརྟེན་བའི་དཀྱིལ་འཁོར་བསྐྱེད་པ་ཡིན་ནོ། །དེས་གཞན་རྣམས་ལའང་ཤེས་པར་བྱའོ། །ཞེས་སོ། །དུས་འཁོར་ལུགས་ཀྱི་དབང་གྲངས་ནི། འགྲེལ་ཆེན་ལས། དེ་བཞིན་དུ་འཇིག་རྟེན་པའི་དབང་ནི་ཆུ་དང་ཅོད་པན་དང༌། དར་དཔྱངས་དང༌། རྡོ་རྗེ་དང༌། དྲིལ་བུ་དང༌། བརྟུལ་ཞུགས་ཆེན་པོ་དང༌། མིང་དང༌། རྗེས་སུ་གནང་བ་སྟེ་བདུན་དང༌། དེ་བཞིན་དུ་གོང་མ་ནི་བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། འཇིག་རྟེན་པའི་དབང་བཅུ་གཅིག་པ་ནི་བཞི་པ་སྟེ། ཞེས་དང༌། མདོར་བྱས་ལས། རྟ་བ༷བས་ཀ་པར་ཆད་པ༷། བུམ་པ་ཀ་བ་རྡོ་རྗེ་ཆེ། །བྲེའི་ཕྲེང་བྱ་ནི་རིམ་བཞིན་གནས། །ཞེས་དང༌། སྟེང་འོག་ཁྲོ་བོ་དང་འཇམ་དཔལ་ཐིམ་རིམ། སྟེང་འོག་ཁྲོ་བོ་ཤིན་ཏུ་བཅས། །རང་བཞིན་གྱི་ནི་སྣང་བ་ཉིད། །རྣམ་ཤེས་ཕུང་པོར་གཞུག་པ་སྟེ། །རྣམ་ཤེས་ཀྱང་ནི་འོད་གསལ་བའོ། །མྱ་ངན་འདས་བཅས་ཀུན་སྟོང་དང༌། །ཆོས་ཀྱི་སྐུར་ཡང་བཤད་པ་ཡིན། །བརྟན་པར་བྱ་བའི་དོན་དུ་ནི། །གསང་སྔགས་འདི་ནི་བརྗོད་པར་བྱ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ལྭ་ཨདྨ་ཀོ྅ཧཾ། འདི་ནི་དོན་དམ་དཀྱིལ་འཁོར་ཏེ། །སྣང་བ་མེད་ཅིང་མཚན་ཉིད་མེད། །དོན་དམ་བདེན་པ་ཞེས་བྱ་ལ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །འོད་གསལ་བར་ནི་ཞུགས་ནས་ནི། །སྡང་བ་ཡང་ནི་བསྟན་པར་བྱ། །སྔགས་ཀྱི་སྐུ་ཡི་སྦྱོར་བ་ཡིས། །ལྷ་ཡི་གཟུགས་ལ་དམིགས་པར་བྱ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་སྒོམ་པར་བྱ། །པདྨའི་སྟེང་དུ་སྔགས་ཆེན་པོ། །ཡི་གེ་གསུམ་ཡང་བསམ་པར་བྱ། །སྔགས་དང་པདྨ་ཉི་མ་དག །ཟླ་བའི་དཀྱིལ་འཁོར་ལ་ཞུགས་པས། །ཟླ་བའི་དཀྱིལ་འཁོར་ཀུན་རྫོགས་པ། །བྱང་ཆུབ་སེམས་སུ་རྣམ་པར་བརྟག །རྒྱུ་དང་མི་རྒྱུ་ཐམས་ཅད་ཀྱང༌། །དེ་ཉིད་དུ་ནི་རྣམ་བསམ་ཞིང༌། །ཞེས་དང༌། དང་པོའི་མགོན་པོ་ནི། དེ་ནས་ཡིག་གསུམ་ལས་བྱུང་བའི། །ཀུནྡ་ཟླ་བ་དཀར་དང་མཚུངས། །དང་པོའི་མགོན་པོ་བསམ་ནས་ཀྱང༌། །ཤིན་ཏུ་སྦྱོར་བ་བསམ་པར་བྱ །མི་བསྐྱོད་པ་ནི་རྗེས་ཞུགས་པས། །ཞལ་གསུམ་ཕྱག་དྲུག་འབར་བ་དང༌། །ཨིནྟྲ་ནི་ལའི་འོད་འབར་བའི། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། །ཞེས་དང༌། འདི་ལྟར་ན་མི་བསྐྱོད་པ་དང་པོའི་མགོན་པོ་ཚུར་ཞུགས་པ་ལྟར་སྣང་ཡང༌། རྗེ་ཡབ་སྲས་ཀྱིས་གཞི་ལ་མི་མཐུན་པས་ཕར་ཞུགས་དགོས་གསུངས་ལ། དེ་ལྟར་ན། མི་བསྐྱོད་པར་ནི་རྗེས་ཞུགས་པས། །ཟེར་རམ་དཔྱད། དེ་ལྟར་འདུ་བྱས་རྣལ་འབྱོར་བས། རྡོ་རྗེ་པདྨ་ཡང་དག་བརྩམ། ཞེས་དང༌། རྡོ་རྗེ་དང་པདྨ་བྱིན་རླབས་རྗེས་ཆགས་ཀྱི་ཡན་ལག་རྗེས་སུ། རྡོ་རྗེ་འཛིན་པའི་ང་རྒྱལ་ལེགས་འཆང་ཞིང༌། །ཧཱུཾ་གི་གླུ་ཡིས་ཀྱང་ནི་རབ་བསྐྱོད་ཅིང༌། །རང་གི་བྱང་ཆུབ་སེམས་ཉིད་ཕྱུང་བའི་ཚེ། །དེར་ནི་ཕཊ་ཀྱི་གསང་སྔགས་བརྗོད་པར་བྱ། །ཕྱུང་ནས་སྔགས་པས་སླར་ཡང་ནི། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །བྱང་ཆུབ་སེམས་ཀྱིས་མཆོད་ནས་ནི། གསང་སྔགས་འདི་ནི་བརྗོད་པར་བྱ ཆོད་སྔགས་གསུངས་སོ། །དཀྱིལ་འཁོར་རྒྱལ་མཆོག་སྐབས་སྤྱན་མའི་མཛད་པ། ཕྱོགས་བཅུ་དག་ཏུ་གཟིགས་ནས་ནི། །གདོན་དང་ནད་གདོན་འཇིགས་པ་རྣམས། །ཐུགས་རྗེ་ཆེན་པོས་ཞི་མཛད་དེ། །ཞེས་དང༌། མ་མཱ་ཀིའི་མཛད་པ། བགེགས་ཆེན་འཇིགས་པས་གཟིར་པ་རྣམས། །ཐུགས་རྗེ་ཆེན་པོས་བསྲུང་བར་མཛད། །ཅེས་དང༌། གོས་དཀར་མོའི་མཛད་པ། གདོན་གྱིས་ཉེན་པ་ཞི་མཛད་དེ། །ཞེས་དང༌། སྒྲོལ་མའི་མཛད་པ། སེམས་ཅན་ཐམས་ཅད་དབང་མཛད་དེ། །ཞེས་དང༌། རྣལ་འབྱོར་བས་ནི་རིམ་གཉིས་པར། །རྡོ་རྗེ་གཟུགས་ལ་སོགས་པ་དབྱུང༌། །ཞེས་དང༌། སྒྲོལ་མའི་ཕྱག་མཚན་སྐབས་སུ། སྣ་ཚོགས་རྡོ་རྗེ་འཁོར་ལོ་དང༌། །ཨུཏྤལ་དཀར་པོ་གཡས་པ་ན། །ཞེས་དང༌། མ་མཱ་ཀིའི་སྐབས། རྡོ་རྗེ་འཁོར་ལོ་དེ་བཞིན་དུ། །ཨུཏྤལ་སྔོ་དམར་གཡས་པ་ལ། །ཞེས་དང༌། རིམ་གསུམ་ཤར་གྱི་སྣམ་བུ་རུ། །བརྟུལ་ཞུགས་ཅན་གྱིས་དབྱུང་བ་ནི །མཻཾ་ཐླཱིཾ་ས་བོན་ལས་བྱུང་བ། །བྱམས་པ་ས་ཡི་སྙིང་པོ་གཉིས། །ཨོཾ་གྱི་ས་བོན་ནས་བྱུང་བ། །ཕྱག་ན་རྡོ་རྗེ་མཁའ་སྙིང་བོ། །ལྷོ་ཡི་ཕྱོགས་ཀྱི་སྣམ་བུ་ལ། །གོ་རིམ་བཞིན་དུ་དགོད་པར་བྱ། །ཞེས་སོགས་དང༌། སེམས་དཔའ་དེ་དག་གི་མཛད་པ། འདི་དག་སྐྱེ་མཆེད་རྣམ་སྦྱོང་ཞིང༌། །ལྷ་ཡི་མིག་སོགས་སྩོལ་བའོ། །སེམས་ཅན་སྐྱེ་མཆེད་སྦྱང་ནས་སུ། །སླར་བྱིན་ནས་ནི་སྟན་ལ་བཞུགས། །ཞེས་དང༌། ཁྲོ་བོའི་མཛད་པ་ཡམཱནྟ་ཀྲིཏ་ཀྱི། དབང་བོ་ལ་སོགས་ཚོགས་བཅས་རྣམས། མི་ཟད་བགེགས་ཀྱང་སྐྲག་པར་བྱེད། །ཅེས་དང༌། པྲཛྙཱ་ཏ་ཀྲིཏ་ཀྱི། མི་ཟད་བགེགས་ནི་སྐྲག་པར་མཛད། །ཅེས་དང༌། རྟ་མགྲིན་གྱི། ཕྱོགས་བཅུ་དག་ཏུ་གཟིགས་ནས་ནི། །ཀླུ་རྣམས་སྐྲག་པར་མཛད་ནས་ཀྱང༌། །ཞེས་དང༌། མཐར་བྱེད་ཀྱི་མཛད་པ་དཔེ་འདིར་མི་སྣང་ཡང་ཆད་དམ་བརྟགས། མི་གཡོ་བའི། ཡམས་སོགས་འཇིགས་པའི་གདོན་བཅོམ་སྟེ། །ཞེས་དང༌། འདོད་རྒྱལ་གྱི། བདེན་བྲལ་བགེགས་ནི་འཇིག་པའོ། །ཞེས་དང༌། དབྱུག་སྔོན་གྱི། ཡམས་ཀྱི་འཇིགས་པ་བསལ་ནས་ནི། །ཞེས་དང༌། སྟོབས་ཆེན་གྱི། མཁའ་འགྲོ་ལ་སོགས་འཇིགས་པ་འཇོགས། །ཞེས་དང༌། གཙུག་ཏོར་འཁོར་སྒྱུར་གྱི་ཕྱག་མཚན་དང་མཛད་པ་ནི། གཡས་དང་གཡོན་གྱི་ཕྱག་གཉིས་ཀྱིས། །སྤྱི་བོར་གཙུག་ཏོར་འཛིན་པར་མཛད། །རྡོ་རྗེ་པདྨ་གཡས་དག་ལ། །སྡིགས་མཛུབ་རལ་གྲི་གཡོན་དག་ལ། །འཚེ་བ་ཐམས་ཅད་རྣམ་འཇིགས་ཤིང༌། །ཞེས་དང༌། གནོད་མཛེས་ཀྱི་ནི། རྒྱུ་བ་དང་ནི་གནས་པའི་དུག །ཀ་ལ་ཀུནྡ་སོགས་ཀུན་དང༌། །བགེགས་ཀྱི་དབང་པོ་ཀུན་བཅོམ་སྟེ། །ཐམས་ཅད་ཞི་བར་མཛད་ནས་ནི། །མ་ལུས་བཀའ་ནི་རྫོགས་བྱས་ནས། །ཞེས་དང༌། ལྷ་ནི་སུམ་ཅུ་གཉིས་རང་བཞིན། །དཀྱིལ་འཁོར་ཐམས་ཅད་བསྐྱེད་ནས་ནི། །འཁོར་ལོའི་དབུས་ན་གནས་གྱུར་ནས། །དེ་ནས་ཕྲ་མོའི་སྦྱོར་བ་བརྩམས། །སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །གསང་བའི་སྔགས་ཀྱི་བརྟག་པ་ཡིས། །ཡེ་ཤེས་མཆོག་གི་གནས་བསྒོམ་མོ། །རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་ཏུ། །རྣལ་འབྱོར་རིགས་པས་རྟག་སྒོམ་མོ། །རིན་ཆེན་བརྟན་པར་གྱུར་ནས་སྤྲོ། །བརྟན་པར་མ་གྱུར་དེ་མི་སྤྲོ། །སངས་རྒྱས་འབར་བའི་འོད་མཉམ་པའི། །རབ་མཆོག་སྦྲིན་ནི་སྒྲོ་བར་བྱ། །སློང་མོ་ཟ་ཞིང་མི་བཟླ་སྟེ། །མ་བསླང་བ་ལའང་ཆགས་མི་བྱ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང༌། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །བརྗོད་ནས་རྡོ་རྗེ་སྤྲོ་བ་ནི། །རྫོགས་པས་ཡང་དག་བསྡུ་བ་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དོན་དམ་པ་ཡི་བཟླས་པར་བཤད། །ཅེས་དང༌། མི་བསྐྱོད་པ་ལ་སོགས་པ་ཡིས། །དེ་བཞིན་གཤེགས་པ་བསྟོད་པར་མཛད། །ཅེས་དང༌། །དེ་ནས་འཁོར་ལོ་སངས་རྒྱས་ཀྱི་ནི་བསྟོད་གསོལ་ལས མཆོག་ཏུ་གསང་བའི་ཇི་བཞིན་དོན་སྤྱད་ནས། །རང་གི་འཁོར་ལོ་ལ་ནི་འཁོར་ལོ་གཞུགས། །མགོན་པོ་བདེ་བ་ཆེན་པོ་གཅིག་བུ་བཞུགས། །ད་ལྟར་རྣལ་འབྱོར་བཞི་བཞེད་རྣལ་འབྱོར་པ། །ཧཱུཾ་གི་སྙིང་པོའི་འཇིག་རྟེན་རབ་ཏུ་བསྒོམ། །དེ་བྱུང་འགྲོ་བ་རྡོ་རྗེ་སེམས་དཔར་བསམ། །ལངས་ནས་འགྲོ་བ་ཇི་བཞིན་སྤྱད་པར་བྱ། །སྔགས་པའི་ཏིང་འཛིན་དམིགས་པའི་ཚེ། །གང་ཚེ་ལུས་ནི་སྐམ་གྱུར་ན། །ལུས་ངག་ཡིད་ནི་ཚིམ་བྱེད་པའི། །སྦྱོར་བ་འདི་ནི་བསྒོམ་བར་བྱ། །མཐོ་གང་ཙམ་གྱི་དཔག་པ་རུ། །སྤྱི་བོར་དཀྱིལ་འཁོར་སྒོམ་པར་བྱ། །བདུད་རྩི་ལྔ་ནི་ངེས་འབབ་པའི། །ཨོཾ་ནི་དེ་རུ་བརྟག་པར་བྱ། །རྡོ་རྗེའི་སྦྱོར་བ་དེ་ཡིས་ནི། །སྐད་ཅིག་གིས་ནི་གཟི་ཅན་འགྱུར། །ལུས་ངག་ཡིད་ནི་བདེ་བ་དག །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ལྟར་སློབ་པའི་སྔགས་པ་ཡིས། །སྦྱངས་དང་དེ་བཞིན་རྟོགས་པ་བྱ། །ལྐོག་མ་སྙིང་ཁ་ལེགས་སྦྱངས་ཤིང༌། །དེ་བཞིན་གཤེགས་རྣམས་ཚིམ་པར་བྱ། །ཞེས་དང༌། ལྟེ་བའི་དཀྱིལ་འཁོར་ཕྱིན་འོག་ཏུ། །ཁ་སྦྱར་པ་ཡི་སྦྱོར་བ་ཡིས། །གསང་བའི་པདྨ་ལས་བྱུང་བའི། །ཐལ་བའི་མཐར་ནི་རྣམ་པར་བརྟག །རིམས་ནད་མེད་ཅིང་ནད་ཀྱང་མེད། །དུག་ལ་སོགས་པས་མི་འཆི་ལ། །དེ་ནི་དུས་མིན་འཆི་མི་འགྱུར། །འཚེ་བ་ཐམས་ཅད་རྣམ་འཇིགས་པའོ། །ཞེས་སོ། །དགེ་ལེགས་འཕེལ། །

    བླ་མ་དང་འཇམ་དཔལ་གཤིན་རྗེའི་གཤེད་དབྱེར་མེད་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཡབ་སྲས་བརྒྱུད་པ་དང་བཅས་པའི་ཞབས་ལ་དུས་ཐམས་ཅད་དུ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྗེས་སུ་བཟུང་དུ་གསོལ། མཚན་གྱིས་རྨོངས་པའི་མུན་སེལ་འཇམ་དཔལ་དབྱངས། །འཆི་བདག་མཐར་བྱེད་རྡོ་རྗེ་འཇིགས་མཛད་ཞབས། །བཤེས་གཉེན་རྣམ་རོལ་རྒྱལ་བ་ཙོང་ཁ་པ། །རྣམ་གསུམ་དབྱེར་མེད་ཞབས་ལ་གུས་ཕྱག་འཚལ། །འཇམ་དབྱངས་བླ་མའི་བཞེད་གཞུང་ཤིང་རྟ་ཆེ། །སྲོལ་བཅས་སྐྱོང་མཛད་མཁས་གྲུབ་ཟུང་འབྲེལ་བའི། །བརྒྱུད་པའི་བླ་མ་གསེར་རིའི་ཕྲེང་མཛེས་ལྟར། ཁྱད་འཕགས་རྣམ་པར་བརྗིད་ལྡན་རྣམས་ལ་འདུད། །དུས་མཐའ་འདིར་ཡང་ཆོས་སྲིད་རྫོགས་ལྡན་དུ། །འགོད་ལ་མ་ལུས་རྒྱལ་བའི་མཛད་འཕྲིན་ཅན། །རྒྱལ་བའི་ཏོག་གྱུར་བློ་བཟང་རྒྱ་མཚོ་ཡི། །ཞབས་སེན་དབང་རྒྱལ་སྤྱི་བོར་ལེན་ལ་སྤྲོ། །ཟུར་ཕུད་དབང་སྔོན་འོད་རིས་བོར་ནས་འདིར། མི་ཡི་གར་མཛད་བློ་གྲོས་རྒྱ་མཚོའི་ཞབས། ཡབ་སྲས་ཟུང་དང་ཁྱད་པར་སྙན་བརྒྱུད་གཏེར། དཀོན་མཆོག་ཡར་འཕེལ་གཅིག་ཏུ་ཐུབ་བསྟན་སྲོག །དཀྱིལ་འཁོར་བདག་པོའི་ཞལ་རླང་དྲོད་ངད་ཆེའི། །བྱིན་རླབས་མཁའ་ཁྱབ་ཚད་མའི་ལམ་ལས་འོངས། །ཡིད་ཆེས་བྲོད་རྙེད་སྙན་བརྒྱུད་བཞི་ལྡན་ཆོས། །སྐལ་བས་ཐོབ་དེ་སྐལ་ལྡན་དོན་དུ་འབྲི། །

    དེ་ལ་འདིར་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོས་རྒྱལ་བ་ཙོང་ཁ་པ་ལ་དངོས་སུ་གནང༌། རྫོགས་པར་ཐུགས་ཉམས་སུ་བསྟར་བའི་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བའི་རྡོ་རྗེ་འཇིགས་བྱེད་ཀྱི་སྐྱེད་རིམ་གྱི་ཉམས་ཁྲིད་ཟིན་བྲིས་བགྱིད་པ་ལ་གཉིས། བླ་མའི་བརྒྱུད་རིམ་དང༌། གདམས་པ་དངོས་སོ། །

    དང་པོ་ནི། ཐུན་མོང་བ་རིང་བརྒྱུད་ནི་གྲགས་པར་ཟད་ལ། ཐུན་མོང་མ་ཡིན་པའམ། ཉེ་བརྒྱུད་ནི། འཇམ་དབྱངས་བ་སོ་བ་ཆེན་པོས་མཛད་པའི་འཇིགས་བྱེད་ཀྱི་རྫོགས་རིམ་བདེ་ཆེན་འཇུག་ངོགས་ལས། དེ་ཡང་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་དེ་ཉིད་རྗེ་བཙུན་འཇམ་དབྱངས་ཀྱིས་དགེ་བའི་བཤེས་གཉེན་མཛད་དེ། ཐུགས་བརྩེ་བ་ཆེན་པོས་ཆོས་ཀྱི་ཚུལ་རྣམས་ལེགས་པར་སྟོན་པར་མཛད་ཅིང༌། ཁྱད་པར་དུའང་རྗེ་བཙུན་ཉིད་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་བསྒྱུར་ནས། རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཞིང༌། ལམ་གྱི་གནད་རྣམས་མ་ཚང་བ་མེད་བར་གསན་ཏེ་ཐུགས་ལ་མངོན་དུ་མཛད་པས། ཞེས་གསུངས་པ་ལྟར། གསང་བའི་རྣམ་ཐར་གཉིས་དང༌། འཁྲུལ་འཁོར་རྣམ་བཤད་དང༌། དེའི་ཡིག་ཆུང་སྐོར། གུང་རུ་རྒྱལ་མཚན་བཟང་པོས་མཛད་པའི་འདུན་ལེགས་མའི་ཊཱིཀྐ། རྗེ་ཤེར་འབྱུང་གི་འཇིགས་བྱེད་རྫོགས་རིམ་སོགས་ལས་ཀྱང་མཐུན་པར་འབྱུང་ཞིང༌། རྗེ་བཙུན་ཉིད་ཅེས་པ་དང༌། མངོན་སུམ་དུ། དངོས་སུ་ཞེས་པར་ནི། ལྷ་དེའི་སྤྲུལ་པ་ཙམ་དང༌། ཉམས་སྣང་ཙམ་ཡིན་པ་སོགས་བཅད་ནས་གསང་བདག་གིས་དཀྱིལ་འཁོར་བདག་པོ་ལ་དངོས་སུ་གསན་པ་དང་ཁྱད་པར་མེད་པར་རྗེ་འདིས་ཀྱང་ལྷ་དེ་དག་ལས་དངོས་སུ་གསན་པར་སྟོན་པས་ཉེ་བརྒྱུད་ངེས་ཅན་དུ་ཡོད། རྗེ་དེས་མཁས་གྲུབ་ཐམས་ཅད་མཁྱེན་པ་དང༌། རྗེ་ཤེར་སེང་གཉིས་ལ། དེ་གཉིས་ལས་གྲུབ་དབང་འདུལ་ནག་པ་དཔལ་ལྡན་བཟང་པོ། དེ་ནས་དེ་དབོན་འཇམ་དབྱངས་དགེ་འདུན་འཕེལ་བ། རྡོ་རྗེ་འཆང་བཀྲ་ཤིས་འཕགས་པ། འདུལ་ནག་སྤྲུལ་སྐུ་པཎ་ཆེན་བསམ་གྲུབ་རྒྱ་མཚོ། རྒྱུད་པ་རྣམ་གཉིས་ཀྱི་སྙན་བརྒྱུད་ཆུ་བོ་ཟུང་འབྲེལ་པ་རྒྱུད་ཆེན་བརྩོན་འགྲུས་འཕགས། མཁས་གྲུབ་རྡོ་རྗེ་བཟང་པོ། འདུལ་ནག་ཡང་སྤྲུལ་རྡོ་རྗེ་འཆང་སངས་རྒྱས་རྒྱ་མཚོ། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ། རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་རྡོ་རྗེ་འཆང་དཀོན་མཆོག་ཡར་འཕེལ་ཞལ་སྔ་ནས། རྗེ་དེའི་དགུང་ལོ་དོན་དགུ་བཞེས་དུས་སྲད་རིན་ཆེན་རྩེ་ནས་ཆོས་འདིའི་རིམ་གཉིས་ཀྱི་ཉམས་ཁྲིད་ཟླ་གཅིག་གི་བར་སྨིན་རྒྱས་བདག་འཇམ་དབྱངས་བཞད་རྡོར་གྱིས་ཞུས་སོ། །གཞན་ཡང་རྡོ་རྗེ་འཆང་ཁྲི་རིན་པོ་ཆེས་འདིའི་བཤད་པ་སོགས་དང༌། འཇམ་དབྱངས་བླ་མ་སྐུ་སྐྱེ་རིན་པོ་ཆེ་ནས་དབེན་ས་ལུགས་ཀྱི་ཁྲིད་སོགས་ལེགས་པར་ཞུས་སོ། །

    གཉིས་པ་ནི། དེ་ལྟར་བརྒྱུད་པ་དག་ལས། འདིར་ནི་རྡོ་རྗེ་འཆང་དཀོན་མཆོག་མཚན་ཅན་གྱི་གསུང་བཞིན་ཁྲིད་དམིགས་ཙམ་བརྗོད་པར་བྱའོ། །དེ་ཡང་མཁས་གྲུབ་ཆོས་ཀྱི་རྒྱལ་པོས་བསྐྱེད་རིམ་ཁྱད་པར་ཅན་སྒོམ་ཚུལ་ནི། སྦྱངས་གཞི་དང་སྦྱོར་བ་རྫོགས་རིམ་གྱི་སྨིན་བྱེད་དུ་མ་ཟད། གཞན་ཡང་ཚེ་རབས་ཐམས་ཅད་དུ་ལྷག་པའི་ལྷས་རྗེས་སུ་འཛིན་པ་དང༌། བདུད་དང་བར་ཆད་ཀྱི་དབང་དུ་མི་འགྱུར་བ་དང༌། ལས་ཀྱི་སྒྲིབ་པ་དག་པར་བྱེད་པ་དང༌། ཞི་སོགས་ཀྱི་ལས་རབ་འབྱམས་མཐའ་ཡས་པ་ཇི་ལྟར་འདོད་པ་ལྟར་འགྲུབ་ཅིང༌། གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་དག་ཀྱང་འགྲུབ་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དག་ཡོད་དེ། དེ་ལྟར་ཕན་ཡོན་མཐོང་བས་དྲངས་པའི་མི་ལྡོག་པའི་དད་པས་བརྩོན་པ་ཆེན་པོ་བསྐྱེད་དེ། ལྷའི་རྣལ་འབྱོར་མཐར་དབྱུང་བར་བྱའོ། །ཞེས་དང༌། རྗེ་བདག་ཉིད་ཆེན་པོས་ཀྱང་དེ་ལྟར་གསུང་པས་གནད་ཆེན་པོ་བླ་ན་མེད་པའོ། །རྟེན་གྱི་གང་ཟག་ནི་དབང་ཐོབ་ཅིང་དམ་ཚིག་སོགས་བསྲུང་བ་དང༌། ཁྱད་པར་སྙིང་རྗེ་ཆེ་བ་གཅིག་གིས། གནས་རྒྱུད་རྟོག་བདུན་ལས། དེ་ལ་ཐོག་མར་སྔགས་པས་ཡིད་དུ་འོང་བའི་གནས་གང་ཡང་རུང་བར་གནས་ལ་དགོས་པ་ཐམས་ཅད་བསྒྲུབ་པར་བྱའོ། །དེ་ལ་གནས་གསུངས་པ་ནི། དུར་ཁྲོད་དམ། ཆུ་ཀླུང་གི་འགྲམ་མམ། ཤིང་གཅིག་གམ། བཞི་མདོའམ། རིའི་རྩེའམ། ཁང་སྟོང་ངམ། མ་མོའི་ཁྱིམ་མམ། ལྷའི་ཁང་པའམ། །འཐབ་མོའི་གནས་སམ། གྲོང་ཁྱེར་རམ། ནགས་ཁྲོད་དམ། གྲོང་བར་ལ་སོགས་པའི་གནས་སུ་སྔགས་པ་གནས་ཏེ། ཞེས་དང༌། ལ་ལཱི་ཏས། དང་བོར་དུར་ཁྲོད་ཆུ་འགྲམ་མམ། །ཤིང་གཅིག་གམ་ནི་མཚན་ཕྱེད་ནས། །བཞི་མདོའམ་ནི་རི་བོ་ཡི། །རྩེ་མོ་དང་ནི་ཁང་སྟོང་གནས། །མ་མོའི་ཁྱིམ་མམ་ཡང་ཐོག་མཛེས། །ལྷ་ཡི་ཁང་པ་དག་ཏུ་དང༌། །འཐབ་མོའི་ས་དང་གྲོང་ཁྱེར་སྟོང༌། །ཡིད་དུ་འོང་བའི་གནས་དག་ཏུ། །འབོལ་བའི་སྟན་སོགས་ལ་འདུག་ནས། །ཐང་ཀ་ལ་སོགས་གཟུགས་བཞག་བསྒོམ། །ཞེས་གསུངས་པ་ལྟར། །གནས་དེར་སློབ་དཔོན་ཤྲཱི་བྷ་ཏྲས། དང་པོ་ཁོ་ནར་བདག་མེད་པ་བསྒོམ་པས་ནང་གི་ཁྲུས་བྱས། ཞེས་གསུངས་པ་ལྟར་ནང་གི་ཁྲུས་དང༌། སློབ་དཔོན་ཞི་བ་ཡེ་ཤེས་ཀྱིས་དང་པོར་ཁྲུས་བྱས་ཞེས་གསུངས་པ་ལྟར། ཕྱིའི་ཁྲུས་བྱས། མཎྜལ་བྱི་དོར་བྱས་མེ་ཏོག་གཅལ་དུ་བཀྲམ། བྲིས་སྐུ་བཤམས། བསམ་གཏན་གྱི་སྟེགས་བུ་དང་ལྡན་པའི་སྟན་བདེ་བ་ལ་ཁ་ལྷོར་ཕྱོགས་པའམ་ཕྱོགས་པར་མོས། རོ་གདན་ལ་འདུག་པར་མོས་ནས་དུས་ཐོག་མར་མཚན་ཕྱེད་དུ་བྱས་ནས་སྐྲ་བསིལ་བའམ། གོན་སྐྲའམ་མོས་པ་གང་རིགས་ཀྱི་སྒོས། བདུད་རྩི་རིལ་བུའམ་ནང་མཆོད་བྱིན་གྱིས་བརླབས་པས་ཁ་དག་པར་བྱས་ནས་ཉམས་སུ་ལེན་ནོ། །

    རྨད་བྱུང་དཀོ༷ན་པའི་གསང་སྔགས་ཟབ་མོའི་ལམ། མཆོ༷ག་ཏུ་གཅེས་པར་འོས་པའི་སྙན་བརྒྱུད་ཆོས། །བཤད་སྒྲུབ་སྒོ་ནས་ཡར༷་གྱི་ཟླ་ཚེས་བཞིན། །འཕེ༷ལ་མཛད་ཁྱབ་བདག་བླ་མའི་ཞབས་ལ་འདུད། །འཁྲུལ་བའི་རྙོག་བྲལ་འཆི་མེད་རྫིང་ལས་འཁྲུངས། ངན་རྟོག་ཐུན་གསུམ་མུན་པའི་གེགས་དང་བྲལ། །ཟབ་ཆོས་སིནྡྷུ་ཝ་རའི་འདབ་མ་དག །རྣམ་དཔྱོད་སྨིན་ལེགས་འགྲམ་ཆང་གིས་ཕྱེ་འདིའོ། །

    དེ་ལ་འདིར་དམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཕྱག་ལེན་མཐོང་བརྒྱུད་དང༌། ཞལ་ཤེས་བར་མ་ཆད་པ་ཞིག་རང་ཅག་གསང་སྔགས་པ་རྣམས་ལ་ངེས་པར་དགོས་པས། རྒྱུད་སྡེ་རྣམས་སུ་ལམ་གྱི་རིམ་པ་དཀྲུགས་ཤིང་མི་གསལ་བ་དང༌། ཁྱད་པར་གསང་སྔགས་ལ་བྱིན་རློབས་ཀྱི་བརྒྱུད་པ་ཤིན་ཏུ་གཅེས་སོ། །

དེ་ན་བདག་གི་དཔལ་ལྡན་བླ་མ་དམ་པ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག །རྡོ་རྗེ་འཆང་ཆེན་པོ་དཀོན་མཆོག་ཡར་འཕེལ་གྱི་ཞལ་སྔ་ནས་ལས་ཐོས་པའི་ཞལ་ཤེས་ཐོར་བུ་བ་འགའ་ཙམ་བཀོད་ན། འདུས་པའི་དབང་བསྐུར་བའི་དཀྱིལ་འཁོར་ལ་ལྔ་བསྲེ་དགོས་པ་ཀླུ་བྱང་གིས་གསུངས་པས། སྟ་གོན་མ་བྱས་ན་དེ་མི་ཚང་བས་སྟ་གོན་བྱེད་པའམ་ཨུ་པ་དེ་ཤས་དཀྱིལ་འཁོར་སྤྱན་དྲངས་པ་དགོས། དེ་ནི་སྔར་རང་གིས་སྟ་གོན་དང་བཅས་པའི་མདུན་བསྐྱེད་བསྒྲུབས་ནས། ལྔ་བསྲེ་ཚང་བའི་དཀྱིལ་འཁོར་དེ་ལ་བདག་འཇུག་གམ་གཞན་ལ་དབང་བསྐུར་བ་བྱས་པའི་དཀྱིལ་འཁོར་དེ་གཤེགས་གསོལ་ཀྱི་སྐབས་སུ་མི་གཤེགས་པར་ནམ་མཁར་བཏེགས་ནས་བཞག་པ་ཡིན་ལ། དེ་ཕྱིན་ཆད་བདག་འཇུག་སོགས་སྐབས་སྟ་གོན་མ་བྱས་ཀྱང་ཆོག །ཚེ་དབང་གི་ཕྱག་ལེན་ཟིན་བྲིས། དང་པོ་སྤྱི་དང་བྱེ་བྲག་གི་ཆོས་བཤད་ནས་ཡིད་འཁུལ་བར་བྱས། དེ་ནས་སློབ་མ་བསང་སྦྱངས། ལྷར་བསྐྱེད། གནས་གསུམ་དུ་ཡི་གེ་བཀོད། ཡེ་ཤེས་པ་དགུག་གཞུག་དབང་བསྐུར་རྒྱས་གདབ་བྱེད། དེ་ནས་སྣོད་རུང་དུ་བྱས། སླར་ཡང་མདུན་གྱི་ནམ་མཁར་མགོན་པོ་ཚེ་དཔག་མེད་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་སྤྱན་དྲངས། མཆོད་ཅིང་བསྟོད། དེ་ནས་སློབ་མ་ལྷར་གསལ་བའི་རིགས་བདག་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་ནང་གི་སྔགས་ཕྲེང་ལས་འོད་འཕྲོས་ནས་བྱིན་རླབས། བདུད་རྩི་ནུས་པ་སོགས་བཀུག །བསྟིམ་པས་བུམ་པ་བདུད་རྩིས་བཀང་ཞིང་ལུད་ནས་སློབ་མའི་ལུས་ལ་ཞུགས་པ་གཞུང་བཞིན་དང༌། མེ་ཏོག་མཐོར་ཚེ་ནམ་མཁར་བཞུགས་པ་རྣམས་ཀྱིས་གླུ་གར་མཛད་ཅིང་རོལ་མོ་བརྡུང༌། མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་ཕབ་པ་སོགས་བསམ་ཞིང༌། དངོས་སུ་རང་ཉིད་ཀྱིས་བྱས། འབྱུང་བ་བཞི་ནི་ཚེ་བརྟན་པ་སོགས་བྱེད་པ་ཡིན། ལྷ་བསྟིམ་པ་ནི། མདུན་བསྐྱེད་ཀྱི་ཚེ་བུམ་མགོར་བཞག་ནས་བཀའ་བསྒོ་རྒྱས་བསྡུས་སྐབས་དང་བསྟུན་ནས་སྤྱི་བོ་ནས་བསྟིམ། སྙིང་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་ནས་ཚེ་རབས་ཀུན་ཏུ་ལྷག་པའི་ལྷ་མཛད་པའི་སྨོན་ལམ་ཤིས་བརྗོད་བྱ། དེ་ཀ་བསྟིམ་པ་དང༌། དེ་འདྲ་རེ་ཆད་ནས་བསྟིམ་པ་སོགས་སྐབས་དང་སྦྱོར། ཕྱག་ལེན་འདི་ནི་པཎ་ཆེན་རིན་པོ་ཆེའི་ཕྱག་སྲོལ་ཡིན་གསུངས

    ཕྱག་རྡོར་ཨུ་ཙར་གྱི་མན་ངག་ནི། རྡོ་རྗེ་སྔོན་པོ་རྩེ་དགུ་པ་སྟེང་ཚངས་པའི་འཇིག་རྟེན་ནས་འོག་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་པ། རྭ་རྣམས་ཁོང་སེང་དེ་ལས་ཡེ་ཤེས་ཀྱི་མེ་འབར་བས་སྟོང་གསུམ་ཐམས་ཅད་མེས་གང་ནས་གདོན་བགེགས་ཐམས་ཅད་བསྲེག་པར་བསམ་པས། ཀླུ་གདོན་གཙོ་བོར་ཞི་བར་བཤད། གདོན་བགེགས་འབྱུང་པོ་ཞི་བར་གཙོ་བོར་བྱེད་ན། ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་འཕྲོས་ན་ངེས་པར་ཞི་བ་ཡིན་པས། འདི་ནི་མན་ངག་ཡིན་པར་ངེས་པ་མཛོད་གསུངས། འབྱུང་འདུལ་གྱིས་གདོན་ཐམས་ཅད་འཇོམས་པར་བྱེད་པ་ཡིན་ཏེ། དབང་ལྡན་ནི་དབང་ཕྱུག་ཆེན་པོ་ཡིན་པས། དེའི་འཁོར་ལ་དབང་ཕྱུག་བཞིས་གཙོ་བའི་ཚངས་པ་བརྒྱ་བྱིས་ནས་འོག་ཀླུ་ཆེན་བརྒྱད་སོགས་དེའི་འཁོར་ཡིན་པས། དྲག་པོ་ཆེ་བ་ཞིག་ཡིན་པས་དེ་འདུལ་ཕྱིར་བསྟན་པས་ན་འབྱུང་འདུལ་མཐུ་སྟོབས་ཆེ་བ་ཡིན

    ༈ སྤོས་སྦྱོར་རིགས་ལྡན་མཆོད་སྤྲིན་ཞིང་ཁམས་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་པྲ་ཛཱ་བྷྱཿ སྤོས་སྦྱོར་འཛམ་གླིང་ཀུན་ཁྱབ་ལ། གུར་ཀུམ་དང༌། ཙནྡན་དམར་པོའི་དང༌། ཙནྡན་དཀར་པོའི་སྦྱོར་སྡེ་གསུམ་ལས། དང་པོ་གུར་ཀུམ་གྱི་སྦྱོར་སྡེ་ནི། ཤུག་ཕྱེ་ཉག་བཅུ་ལྟ་བུ་ལ། གུར་ཀུམ་བཟང་ན་བོར་གང་དང༌། འབྲིང་ཡིན་ན་བོར་དོ་དང༌། ཞན་ན་བོར་རེ་གསུམ་ཡང་དགོས་ལ། དེ་ལ་ཡང་མང་ཉུང་ཚད་ཙམ་གྱིས་མི་ཆོག་སྦྱོར་ཚུལ་གལ་ཆེ་བས། གུར་ཀུམ་བཟང་པོ་བོར་གང་ལ། ཤུག་པ་ཉིན་གསུམ་བར་དུ་བཙོས་ནས་ཤུག་དྲི་ཐོན་ངེས་བྱས། དར་ཚགས་ལ་ལེགས་པར་བཙགས། ཉག་བཅུ་ལ། ན་ཁི་.....ཞག་ཡུན་རིང་མཉེས་པས་དྲི་མ་ཉིན་ལམ་བཅོ་བརྒྱད་ཚོར་གྲགས། བཅོ་ལྔའི་བར་དུ་གནུར་གདགས་བྱས་པས་སྐམ་འགྲོ་བའི་བར་བྱས། བོར་རེ་གསུམ། གླ་རྩི་སྤུས་གཙང་བོར་དོ། དྲི་བཟང་ལ་མཉམ་.....གླ་སྒང་ཉག་དོ། ཨར་སྐྱ་འབའ་ཞིག་པ་ཉག་དོ།.....རླུང་ལ་ཕན་ཞིང་དྲི་མཆོག །ཤ་བོ་རུ་རྟ།.....དྲི་བཟང༌། དངུལ་སྲང་གང་དང་མཉམ་པ། གྷི་ཝང་.....བུ་རམ་འདྲ༌། སྲང་གང་དང་མཉམ་པ། ལི་ཤི་དེ་འདྲ་ཙམ། པི་ལ་སྲང་གང༌།.....དྲི་བཟང་ཡང་རླུང་ལ་ལྡང༌། སུག་སྨན་སྲང་ཕྱེད།.....འདི་གཉིས་དྲི་བཟང་ཞིང་རླུང་ལ་ཕན།.....ཛི་ཏི་རྡོག་བདུན ག་བུར་དངུལ་.....དྲི་བཟང་ཡང་བསིལ། ༸བསོད་ནམས་ཆེ། དབང་གི་རྫས། གུར་ཀུམ་མདོག་བཟང༌། ཞོ་ལྔ། དྲོང་སྨན།.....བི་བི་ལིང་ཞོ་དོ། །ཙནྡན་དཀར་པོ་ཞོ་ལྔ།.....དྲི་བཟང་བསིལ། ཀ་ཀོ་ལ་རྡོག་གཉིས།.....བཟང་དྲུག ཨ་རུ་ར་གསེར་མདོག་རྡོག་གསུམ།.....བསོད་ནམས་ཆེ། དུད་པ་ཆེ་བའི་ཐབས། ཁ་ཆེ་འབྲིང་བོར་དོའམ། རབ་ཡིན་ན་བོར་གང་དང༌། ཞན་ན་བོར་གསུམ། གུར་ཀུམ་གྱི་མདངས་འབྱིན་པའི་ཐབས.....ཤེལ་ཀ་ར་བོར་གང༌། གླ་རྩིས་ཀླུ་ལ་གནོད་པས་སྤངས་ཕྱིར་ཡིན། གླ་རྩི་མེད་ན་མི་དགོས། འདི་མང་ན་དྲི་བསད་འགྲོ་ལ། རྡོ་དྲེགས་དཀར་སེར་སྣ་ཚོགས་པའི་སྟེང་བཞར་ནས་འོག་བླངས་ན་སྤོས་མེ་འབར.....རྡོ་དྲེགས་ཚོན་ཙམ། རྫས་དེ་དག་ཕྱེ་མ་ཞིབ་བཏགས་དང་དར་ཚགས་ལ་བཙགས། དགོས་བསྐོལ་ན་དྲི་ཡལ་འགྲོ་.....ཆང་གར་མའི་ནང་དུ་སྔོན་དུ་ཁ་ཆེ་ཕྱེ་མ་བླུགས་ལ་གྲང་སྦྱོར་གྱིས་གནུར། གླ་རྩིའི་ཕྱེ་མ་དེ་བཞིན་དང༌། དེ་ནས་རྫས་གཞན་ཀུན་བཏབ་ལ་མཉེས་ཤིང༌། ཆང་མང་ཉུང་ཤུག་པ་སྦྲུས་ཐུབ་ངེས་ལས་མང་ན་མི་བཟང༌། དབང་ལག་.....བཟང་ན་ཉག་གསུམ། མང་ཉུང་བཟང་ངན་དང་བསྟུན། དེ་གུར་ཀུམ་གྱི་སྦྱོར་སྡེའོ། །ཙནྡན་གྱི་སྦྱོར་སྡེ་ཤུག་པ་ཁལ་གཅིག་ལ། ཙནྡན་ཁལ་གཅིག་ཉག་ལྔ། གུ་གུལ་ཁལ་གཅིག་.....གུ་གུལ་མེད་ན་ཙནྡན་ཁྱི་དང་འདྲ། གླ་རྩི་མེད་ན་ན་ཁི་ཁྱི་དང་འདྲ། ཨར་ནག་ཉག་ལྔ་.....ཙནྡན་ལ་ཨར་སྐྱ་མི་བཟང༌། གླ་སྒང་ཉག་ལྔ། ཤ་བོ་རུ་རྟ་བོར་གང༌། སུག་སྨན་བོར་ཕྱེད་དེ་ཙམ་མ་བྱུང་ནའང་རུང་ཡང་ཅུང་ཟད་དགོས། ཛ་ཏི་རྡོག་པོ་བཅུ། བུ་རམ་གྱི་གར་རྡོག་ཉག་གསུམ།

    འ༷དི་སྤོས་དྲི་ངར་ཆེ་བསོད་ནམས་བཟང༷༌། ཀ་ཀོ་ལ་རྡོག་གསུམ། ཨ་རུ་ར་གསེར་མདོག་རྡོག་བཞི། བསོ༷ད་ནམས་ཆེ་ལ་དུ་བ་སྦོམ༷། །དབང་ལག་བཟང་ངན་ཚོད་དང་བསྟུན། །སྦྱོར་ཚུལ། སྔོན་ལ་གུ་གུལ་ཞིབ་བར་བཏགས་ནས། ཆང་ངར་མར་བཏབ་ནས་བསྐོལ་ཏེ་རས་ཚགས་ངན་པ་ལ་བཙགས། རོ་མ་འགའ་མ་ལུས་པ་བྱས། དེ་ལ་ཆང་བླུགས་ནས་ཙནྡན་བཏབ་སྟེ་ཁོལ་ཐག་ཆོད་པ་བྱས། དེ་རྗེས་ཤུག་པ་ཁུ་བ་བཏོན་པ། སྐམ་པོ་མིན་ན་ཚོས་མི་ལེན་པས་སྐམ་སང་གི་ཕྱེ་མ་བཏབ་པ་བསྐོལ་ལ་ཚོས་ངེས་བྱས། དེ་རྗེས་སྨན་གཞན་གྱི་ཕྱེ་མ་བཏབ་ལ་བསྐོལ་མི་རུང༌། དྲི་ཡལ་འགྲོ་བས། སྨན་གཞན་བཏབ་ནས་ལེགས་པར་གནུར་ལ། དེའི་ཁར་ཤུག་ཕྱེ་སྐམ་པོ་མང་པོ་བཏབ་པ་བྱས་ན་སྨན་གྱི་དྲི་ཐོན་མི་འགྲོ། གོས་མང་པོས་བཀབ་སྟེ་བསྙལ་ནས་ཞག་གཅིག་བཞག །དབང་ལག་བཟང་ན་ཉག་བདུན་ནམ་བརྒྱད་དགོས། འདིའི་མཇུག་མ་ཚང༌

    གང་གི་མཛད་འཕྲིན་གྲགས་སྙན་ཕུན་ཚོགས་བླ་མེད་གདུགས་དཀར་གྱིས །མ་ལུས་རབ་འབྱམས་རྒྱལ་བའི་ཞིང་རྣམས་མཛེས་པའི་གཟི་བྱིན་གྱིས། །རྒྱལ་བའི་དཀྱིལ་འཁོར་རྒྱ་མཚོར་དབང་བསྒྱུར་དཀོན་མཆོག་མཚན་ཅན་ཞབས། །ལྷ་མིའི་གཙུག་གི་ནོར་བུས་རབ་མཆོད་དེ་ལ་རྟག་ཏུ་འདུད། །རབ་ཡངས་འགྲོ་ཀུན་ཆུབ་བའི་ཀུན་རྨོངས་སྔོན་གྱི་ལྷ། །རྟག་འགྲོའི་སར་ལྡན་འབོད་ཟོལ་མ་ནིང་ལྟོར་བཞུས་མེས། །སྲིད་མཚོ་དོན་མེད་བྱ་བའི་རྒྱ་ཅན་འདི་སྐམ་པར། །རྟག་ཞི་རྣམ་སད་དགའ་དང་བདུད་ཉོན་སྐྲག་པ་འཛིན། །གང་ཚེ་འབད་པས་མ་བསྡུས་ཐུབ་པའི་སྤང་རྟོགས་ཀུན། །རབ་དགའ་རྒྱས་པའི་ཁྱོད་ཐུགས་འོད་གསལ་ནམ་མཁའ་ཆེར། །རྒྱུ་སྐར་མུ་ཏིག་ཕྲེང་ལྡན་ཐུབ་བསྟན་ཀུནྡའི་གཉེན། །དངོས་ཀུན་ལེགས་མཚོན་ཀུན་འོད་རྡོ་རྗེའི་སར་ཕྱིན་ངེས། །མཁའ་ཡིས་འཁྱུད་མིན་མཁས་བཙུན་བཟང་གསུམ་ཡོད་ཏན་ཚོགས། །ཟུང་འཇུག་ཟ་མ་ཏོག་འདིར་ཤོང་མིན་ཞིང་ཀུན་ཏུ། །ངོ་མཚར་བཀོད་པས་སྤུད་ལ་སྐལ་བ་དམན་པ་འགས། །ཀྱེ་ཧུད་མྱ་ངན་འདས་ཞེས་སྨྲེ་སྔགས་བཏོན་ནམ་སྙམ། །སྲིད་ཞིའི་ལེགས་བྱས་ཀུན་གྱིས་མི་མཚོན་ཕྱིར། ཁྱོད་ཀྱི་གསང་གསུམ་སྒྱུ་འཕྲུལ་གར་གྱི་དཔེར། །སླར་ཡང་དཀྱིལ་འཁོར་བདག་པོ་ཁྱོད་བཞེངས་པར། །དགོས་ཞེས་ལྷ་མིས་གསོལ་བ་འདེབས་པ་བཞིན། །གྲངས་མེད་བསྐལ་པས་ཕྱིན་མིན་རྒྱལ་བའི་སར། །སྙིགས་དུས་ཟླ་བའི་ཕྲེང་ལྡན་མང་མིན་གྱི། །གོམ་གཅིག་གིས་གནོན་ངེས་གསང་རྡོ་རྗེའི་ཐེག །ཚད་མ་བཞི་ལྡན་འཇིག་རྟེན་ལ་རྒྱས་ཤོག །མཐའ་དྲུག་ཚུལ་བཞིའི་གྱེན་འཐོར་མཁའ་ལ་འཕྱོ། །རྒྱན་བདུན་བུམ་པ་བརྒྱར་སྐྱེས་རི་བོས་བསྐོར། རྒྱལ་བའི་གསང་གསུམ་འདུས་རྩེ་རྒྱུད་རྒྱལ་གྱི། །རབ་བརྟན་ལྷུན་པོར་འགྲོ་རྣམས་ལོངས་སྤྱོད་ཤོག །གང་ན་དལ་འགྲོ་ཐུར་དུ་འབབ་མིན་ཅིང༌། །འགྲོ་བ་ལས་ཀྱིས་འཁོར་བར་འཇུག་མིན་པ། །དེ་སྲིད་བཅུ་ལྡན་བཤེས་གཉེན་ཉིན་བྱེད་ཀྱི། །ལྷུན་གྲུབ་བཞེད་པའི་སྣང་བ་འདོད་འཇོར་ཤོག །འཛམ་གླིང་ཡངས་པོའི་ལྟོ་བར་གྲགས་སྙན་དང༌། །ཟབ་རྒྱས་ཆོས་ཀྱི་རྔ་ཆེན་ཟུང་བསྒྲགས་པས། །རབ་འགེང་སྲིད་ཞིའི་ཉེར་འཚོ་སྲེ་རྒྱུད་ཀྱི། །འདུས་སྡེ་མཆོག་འདི་དབྱར་མཚོ་ལྟར་འཕེལ་ཤོག །རྒྱལ་བ་ཀུན་གྱི་ཡབ་གཅིག་ཙོང་ཁ་པའི། །མདོ་སྔགས་བཤད་སྒྲུབ་མཚུངས་བྲལ་ལམ་གསུམ་འབབ། །རྟག་པར་སྐྱེད་དགུའི་སྨན་དུ་ཆེ་བ་གང༌། །འཕྲིན་ལས་རི་མོ་མང་གཉེར་རྒྱས་པར་ཤོག །ཡང་དག་བརྗོད་པ་བླ་མེད་བཀྲ་ཤིས་དུང༌། །ལྷག་བསམ་དཀར་བས་ཀུན་ནས་གཡས་སུ་འཁྱིལ །མི་ཤིས་མཐར་བྱེད་སྒྲ་དབྱངས་ཡོངས་རྫོགས་འདིར། །སྨོན་བཞིན་འགྲུབ་པར་མཆོག་གསུམ་མཐུས་བྱིན་རློབས། །

    ཞེས་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྗེ་དཀོན་མཆོག་མཚན་ཅན་གྱི་ནང་རྟེན་དངུལ་གདུང་རིན་པོ་ཆེར་སྙན་དར་སྒྲོན་རྒྱུ་འབུལ་སྐབས། བསྟོད་དེ་སྨོན་པའི་ཚིག་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ་འདི་ཡང༌། ཀུན་མཁྱེན་ཁྲི་རིན་པོ་ཆེ་ཡབ་སྲས་དང་རྗེ་དེ་ཉིད་སོགས་དམ་པ་དུ་མའི་བཀའ་དྲིན་གྱིས་སྡེ་སྣོད་གསུམ་རྒྱུད་སྡེ་བཞི་ཐ་སྙད་རིག་པ་སོགས་ལའང་བློ་གྲོས་ཀྱི་འཇུག་པ་བརྒྱ་ཕྲག་ཤར་བའི་དགེ་སྦྱོང་ཐོས་ལྡན་འཇམ་དབྱངས་བཞད་པའི་རྡོ་རྗེ་གཞན་ཕན་དབང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཁྱད་པར་ཅན་ལ་སུག་བྲིས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག །

ན་མ་སྶྭ་ར་སྭ་སྟྱཻ། སངས་རྒྱས་གཉིས་པ་བློ་བཟང་གྲགས་པ་ཡི། །མདོ་སྔགས་བསྟན་པའི་རྒྱལ་མཚན་འཛིན་མཛད་པའི། །མཁས་མང་རྒྱ་མཚོའི་དབུས་ན་མངོན་མཐོ་བ། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །བློ་བཟང་བསྟན་པའི་ཡན་ལག་བརྒྱད་ལྡན་ཆབ། །རྒོལ་ངན་འཁྲུལ་བའི་རྙོག་པ་སེལ་མཛད་པའི། །འཁྲུངས་རབ་ཀེ་ཏ་ཀའི་ཕྲེང་ཞབས་བརྟན་ཞིང༌། །ལེགས་བཤད་གཞུང་བརྒྱའི་འཆད་ཉན་འཕེལ་བར་ཤོག །སྤྲུལ་པའི་སྐུ་འབུམ་བྱང་ཆུབ་ཤིང་གི་རྩེར། །འོད་ཟེར་རབ་འགྱེད་འདུས་སྡེའི་གཙུག་ལག་གི །འདིར་རྐང་པ་གཅིག་ཆད་དམ། རྒྱ་ཕིབ་བུམ་པ་བརྒྱར་སྐྱེས་ལེགས་བསྒྲུབས་པའི། །བྱང་ཕྱོགས་སྐྱོང་པའི་སྦྱིན་བདག་མི་ཡི་དབང༌། །བཙུན་མོ་སྲས་དང་འཁོར་འབངས་ཐམས་ཅད་ཀུན། །ཚེ་རབས་ཀུན་ཏུ་རྒྱལ་བའི་བསྟན་པ་མཆོག །འཛིན་སྐྱོང་སྤེལ་ལ་གསང་བདག་ལྟ་བུར་ཤོག །འགྲོ་བའི་ཕན་བདེ་སྤྱི་དང་ཁྱད་པར་དུ། །བློ་བཟང་མདོ་སྔགས་སྨྲ་བའི་དགེ་འདུན་སྡེ། །སྤྲུལ་པའི་སྐུ་འབུམ་འབར་བའི་བྱམས་པ་གླིང༌། །བཤད་སྒྲུབ་ཕན་ཚུན་འགྲན་བཞིན་རྒྱས་པར་ཤོག །བླ་མ་འཇམ་མགོན་རྒྱལ་བའི་བྱིན་རླབས་དང༌། །ཡི་དམ་རྡོ་རྗེ་འཇིགས་བྱེད་མཐུ་སྟོབས་དང༌། །བསྟན་བསྲུང་ཡེ་ཤེས་མགོན་པོ་ཆོས་རྒྱལ་མཐུས། །བློ་བཟང་བསྟན་པ་དུས་ཀུན་རྒྱས་གྱུར་ཅིག །ལེགས་སྨོན་ཙིནྟ་མཎིའི་ཕྲེང་མཛེས་འདི། །རྒྱལ་བ་གཉིས་པའི་བལྟམས་གནས་སྤྲུལ་པའི་སྐུ། །འབུམ་ཕྲག་དཀྲིགས་པའི་གནྡྷོ་ལ་ཡི་ཏོག །བཞེངས་པའི་སྨོན་ལམ་དགོས་ཞེས་མི་དབང་དང༌། །སྐུ་འབུམ་འདུས་སྡེ་ཟུང་གིས་བཀས་བསྐུལ་ཚེ། །འདུས་སྡེ་དགོན་གནས་དེ་ལ་དགའ་དད་པའི། །མང་ཐོས་དགེ་སློང་འཇམ་དབྱངས་བཞད་པ་ཡིས། །དགའ་ལྡན་དམ་ཆོས་བཀྲ་ཤིས་འཁྱིལ་དུ་བྲིས། 

    ཨོཾ་སྭ་སྟི་སིདྡྷི། དཀོན་མཆོག་གསུམ་དང་བདེ་གཤེགས་མཆེད་བརྒྱད་ལ། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་པའི་ཚོགས། །འབྱམས་ཀླས་འགྲོ་རྣམས་བླ་མེད་བྱང་ཆུབ་ལ། །ཚེ་འདིར་འགོད་ཕྱིར་དང་བའི་སེམས་ཀྱིས་འབུལ། །ཐུབ་བསྟན་སྤྱི་དང་རྒྱལ་དབང་ཙོང་ཁ་པའི། །རིང་ལུགས་རྒྱས་མཛད་རྒྱལ་བའི་དབང་པོ་ཡི། །ཞབས་པད་རབ་བརྟན་ཁྲིམས་ལྡན་མཁས་མང་གིས། །འཛིན་མའི་ཁྱོད་ཡངས་མ་ལུས་འགེངས་པར་ཤོག །དགེ་ཚོགས་ཚོགས་གཉིས་ཆུ་གཏེར་ལ་ཞུགས་ཏེ། །ལེགས་བཤད་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཆེ། །དཀོན་མཆོག་མཆོག་གི་ཐུགས་རྗེའི་གྲིབ་བསིལ་ལ། །འགྲོ་ཀུན་ཀུན་མཁྱེན་བར་དུ་ངལ་གསོར་ཤོག །

    ཨོཾ་སྭ་སྟི་སི་དྡྷཾ། མཚན་ཙམ་ཐོས་པས་སྲིད་ཞིའི་འཇིགས་ཆེན་ལས། །ཡོངས་སྐྱོབ་བདེར་གཤེགས་མཆེད་བརྒྱད་འཁོར་བཅས་ལ། །དངོས་བཤམས་ཡིད་སྤྲུལ་ཀུན་བཟང་མཆོད་ཚོགས་དང༌ །མི་མཐུན་ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་ཆེ། །སྤྲིན་དཀར་ཐགས་སུ་བཏགས་པའི་བཀྲ་ཤིས་དར། །གསེར་འོད་རབ་འབར་འབྲུག་ཆེན་འཁྱུད་པས་སྤྲས། །གཡུ་འབྲུག་ང་རོར་དོགས་པའི་སྒྲ་འབྱིན་རྔ། །ལྷ་མིའི་རྣམ་འདྲེན་བདེར་གཤེགས་མཆེད་བརྒྱད་ལ། །འགྲོ་རྣམས་རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་འབུལ། །བློ་བཟང་རྒྱལ་བསྟན་ཆོས་སྲིད་ཟུང་གི་རྔ། །རྣམ་དཔྱོད་ལེགས་བྱས་དབྱུག་གུས་རྟག་བསྣུན་པས། །གྲགས་སྙན་དཀར་པོས་ཕྱོགས་ཀུན་ཡོངས་ཁེངས་ནས། །འགྲོ་ཀུན་རྫོགས་ལྡན་དཔལ་ལ་སྤྱོད་པར་ཤོག །

    ཨོཾ་སྭ་སྟི་སིདྡྷཾ། ཟབ་ཟབ་ཡོན་ཏན་གཏེར་ཆེན་མཆོག་གསུམ་དང༌། །ཡང་ཡང་རྒྱལ་བས་ཆེར་བསྔགས་བདེར་གཤེགས་བརྒྱད། །དུང་དུང་སེམས་ཀྱིས་ཐུབ་བསྟན་བསྲུང་བཅས་ལ། །ལམ་ལམ་བཀྲ་བའི་ལྷ་མིའི་དངོས་སྤྲུལ་དང༌། །དབང་པོའི་གཞུ་ལས་གྲུབ་པའི་རྒྱལ་མཚན་ཚོགས། །བདུད་རྩི་དར་དཀར་ཡུག་འཁྱིལ་ལྷ་རྫས་དང༌། །དབྱར་རྔ་དལ་གྱིས་རྒོད་པའི་དུན་དུ་བྷིཿ །མ་རྣམས་དོན་གཉིས་རྫོགས་པའི་ཆེད་དུ་འབུལ། །འཇམ་དབྱངས་བླ་མ་རྗེ་བཙུན་ཙོང་ཁ་བའི། །རིང་ལུགས་ཆེན་པོར་རྒྱལ་རྣམས་དགྱེས་བཞད་ཆེའི། །རྡོ་རྗེ་འཆང་གི་བསྟན་པ་དར་དྲག་པས། །མཁའ་ཡིས་ཁྱབ་བཞིན་འདིས་ཀྱང་ཡོངས་ཁྱབ་ཤོག །འདི་ཡང་བུ་སློབ་ཞིག་གིས་མཆོད་རྫས་ཕུལ་བའི་སྨོན་ཚིག་ཏུ་གནང་པ་ཡིན་ནམ་སྙམ སྲིད་ཞིའི་བརྟན་འཕྲོག་དཔལ་མོའི་མཛེས་སྡུག་དང༌། །དྲི་ཟའི་བདག་པོའི་དབྱངས་ཀྱི་དཔལ་འཕྲོག་སླད །མེས་པོའི་སྙན་ཚིག་དབྱངས་ཅན་སྤྲུལ་བ་གང༌། །ཁོ་བོའི་མགྲིན་མཚོར་རོལ་པ་ལས་འདི་བྱུང༌། །བརྡས་བཅིང་བའི་གབ་ཚིག་གི་རྒྱན། རིན་བྲལ་གངྒཱ་སྐྱེས་ཀྱི་གོང་བུ་ཆེ །མུ་ཁ་ལ་འོངས་དཔལ་དུ་མི་འཛིན་པར། །རྒྱུ་མ་ལེབ་མོའི་གཉེན་པོ་ཕྲན་བུ་དག །ཚོལ་བ་དེ་འདྲ་བློ་གྲོས་ལྡན་ནམ་ཅི། །ཐའ་དག་གཟུགས་ཅན་རབ་རྟོག་ཏུ་བསྲེས་པ། མདོ་རྒྱུད་ས་འཛིན་མ་ལུས་འཁུར་བ་ལ །མི་ངལ་སྤྲོ་བའི་ཞྭ་སེར་འཛིན་པའི་མཁས། །མཁྱེན་ཡངས་རུས་སྦལ་གྱད་ཀྱི་ངང་ཚུལ་ཅན། །གཅིག་མིན་འཛིན་མ་དོག་པོར་བྱས་པ་བཞིན། །དགའ་པའི་བསྡུས་བརྗོད་རྒྱན། གཟིགས་ཡངས་སྤྱན་ལྡན་མེས་པོའི་ཐོད་ལས་བབས། །བརྒྱད་ཀྱི་རོ་ལྡན་དྲི་མ་ཀུན་དང་བྲལ། །དགའ་བས་བསྒྲུབས་པས་གངྒཱ་ལ་ཞུགས་ནས། །ནགས་དང་བྱ་རོག་ལྷན་ཅིག་འཛོམ་ལ་དགའ། །ངོ་མཚར་ཕུལ་བྱུང༌། ཡོན་ཏན་ཕུང་པོ་མཁའ་ལ་མི་ཤོང་ཞིང༌། །བློ་གྲོས་སྲང་གིས་མི་ཐེག་དཔལ་ཏུ་ལྕི། །དེ་ལྟའི་ཡོན་ཏན་འདོམས་གང་མི་ལུས་ལ། །ཤོང་བ་ཨ་ཧོ་སྒྱུ་མ་མིན་ནམ་ཅི། །རབ་སྤེལ། རྡུལ་ཕྲན་གྲངས་ལ་འཁུ་པའི་འགྲོ་བ་དག །འཕྲིན་ལས་ཁོར་ཡུག་རི་བོས་རྟག་འཁྱུད་པ །མེས་བོ་སྐྱེངས་ཕྱིར་བྱེད་པོས་བསྐྲུན་པ་འདི། །མ་བྱིན་བླངས་པས་བཤེས་ཁྱོད་སྙེམས་མི་རིགས། །འདི་ནི་སྔོན་མེད་བསྡུས་བརྗོད། མུན་པ་སྟུག་པོར་འདོམ་འཇལ་རང་སྣང་གིས །མེ་ཁྱེར་སྲིན་བུ་ཀྭ་ཡེ་བག་ཡོད་རིགས། །སྲིད་ན་ཤོང་མིན་སྣང་བའི་གཏེར་ཆེན་པོ། །འཆར་དང་ནུབ་བྲལ་བཅུ་གཉིས་བདག་པོ་མཆིས། །འཇིགས་རུང་བསྡུས་བརྗོད། རོ་ལ་ཆགས་ནས་པད་མཚོར་རྙོག་པའི་ཚོགས། །སློང་བྱེད་ལག་ལྡན་ཚོགས་ཀྱང་སྐད་མ་འབྱིན། །འདི་ན་གློག་གི་ལྕེ་ཅན་སྤྲིན་གྱི་སྒྲ། །ཤིན་ཏུ་བཟོད་མིན་རྩལ་ལྡན་གདོང་ལྔ་མཆིས། །དེ་ནི་སྙིང་ལ་འཇམ་དཔལ་ཉིད་ཞུགས་པས། །མགྲིན་པ་གསུང་དབང་འདབ་བརྒྱའི་རྒྱ་གྲོལ་བར། །སྙན་ཚིག་བུང་བའི་གླུ་དབྱངས་འཚེར་བའི་གླུ། །དྲི་ཟའི་རྒྱུད་བླངས་འཇིགས་མེད་རྡོ་རྗེའོ། །ཞེས་པའང་འཇམ་དབྱངས་བཞད་རྡོར་གྱིས་བྲིས མཉེན་གཤིན་བྱམས་པའི་འཛུམ་གྱི་དཀྱིལ་འཁོར་རྒྱས། །ཟབ་རྒྱས་བསླབ་སྟོན་བདུད་རྩིར་འབབས་དེས་སེམས། །བློ་གྲོས་འདབ་མ་རབ་དགའི་སྦྲང་རྒྱས་པར། །ལེགས་བཤད་དྲི་བསུང་སྤྲོ་བཞིན་མགོ་ལྕོགས་ལྡེམ། །ལྟ་ན་སྡུག་པ་ཞལ་རས་ཟླ་བ་ལས །མྱང་ཡང་ཚིམ་བྲལ་རབ་བསིལ་ལེགས་བཤད་ཀྱི། །ག་བུར་དོག་པ་བྲན་པའི་བདག་བློའི་མཚོ། །མ་བསྐྲུན་བཞིན་དུ་ནམ་མཁའི་མཐའ་དེར་འཕྱོ། །མང་དུ་ཐོས་པའི་རིན་ཆེན་སྣོད་ཡངས་རྟག་ཏུ་རྣམ་པར་བསམ་པའི་མཚོ། །རབ་ཏུ་ཟབ་པས་རྒྱ་རྔམ་གཤག་ཀྱང་རྙོགས་པའི་རྡུལ་གྱི་དྲི་མས་དབེན། །འཆད་རྩོད་རྩོམ་རླབས་ལིང་ལིང་གཡོ་ཡང་སྙིང་ནི་ཏིང་འཛིན་ལམ་མི་འཁྲུག །གང་ལ་འབད་པའི་རེ་བ་མཆོག་ཏུ་སྐོང་བྱེད་ཁྱེད་ནི་ངོ་མཚར་འཕྲེང༌། །འདི་ཡང་རྗེ་ཉིད་ཀྱི་ཕྱག་བྲིས་ངོ་མ་ལས་བཤུས

    ཧཱུཾ་གངས་རིའི་མདོག་ཅན་རྟ་མཆོག་སྟེང་ན་བརྗིད། །རུ་མཚོན་ཕྱར་ཞིང་སྙན་གྲགས་ཚེ་དཔལ་བསྐྱེད། །བདུད་རྩི་བུམ་པས་ཅི་འདོད་དངོས་གྲུབ་སྟེར། །ལྷ་ཆེན་སྦོམ་རའི་སྐུ་ལ་བདག་བསྟོད་དོ། །ཁྱེད་ལ་མཆོད་ཅིང་བསྟོད་པས་རྣལ་འབྱོར་བདག །དཔོན་སློབ་དགོན་གནས་མི་ནོར་བཅས་པ་ཀུན། །བཅོལ་ལོ་གཏད་དོ་ཉིན་གསུམ་བྱ་ར་དང༌། །མཚན་གསུམ་མེལ་ཚེ་རྟག་ཏུ་བསྲུང་བར་མཛོད། །དགྲ་དང་བགེགས་ཀྱི་གནོད་པ་ཀུན་ཞི་ཞིང༌། །རྣལ་འབྱོར་བདག་ཅག་ཚེ་དང་ལོངས་སྤྱོད་རྒྱས། །ཁམས་གསུམ་དབང་སྡུད་སྟོབས་ཆེན་ཤུགས་ལྡན་པའི། །འཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །

    ༈ བྲག་དཀར་བསང་མཆོད་འདོད་དགུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ན་མཿཤྲཱི་བཛྲ་བྷེ་ར་ཝཱ་ཡ། རང་ཡི་དམ་གྱི་ང་རྒྱལ་ལ་གནས་པས་བསང་རྫས་མཆོད་གཏོར་རྣམས་ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་པའི་དམ་རྫས་སྤྱན་གཟིགས་མཆོད་གཏོར་རྣམས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱི་རང་བཞིན་ལྷ་གཉན་ཆེན་པོ་འཁོར་དང་བཅས་པའི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པས་གཞི་བར་སྣང་གི་ཁྱོན་ཐམས་ཅད་ཡོངས་སུ་གང་བར་གྱུར

    ཨོཾ་ཨཱཿཧཱུཾ། ཞེས་བྱིན་གྱིས་བརླབས། ཧཱུཾ་བླ་མ་ཡི་དམ་མཆོག་གསུམ་ཐུགས་རྗེ་དང༌། །བསྟན་སྲུང་མཐུ་སྟོབས་རྟེན་ཅིང་འབྲེལ་འབྱུང་མཐུས། །དངོས་བཤམས་ཡིད་སྤྲུལ་མཆོད་པའི་སྤྲིན་ཆེན་པོ། འདོད་དགུའི་ཕུན་ཚོགས་ས་ཀུན་ཁྱབ་གྱུར་ཅིག །གར་བཞུགས་རིན་ཆེན་ལས་གྲུབ་གཞལ་ཡས་ནས། །མཐུ་སྟོབས་རྫུ་འཕྲུལ་རྨད་བྱུང་ལྷ་གཉན་ཆེ། །བྲག་དཀར་དགེ་བསྙེན་ཆེན་པོ་འཁོར་བཅས་རྣམས། །ཐོགས་མེད་འདིར་གཤེགས་ཡིད་འཕྲོག་གདན་ལ་བཞུགས། །དངོས་བཤམས་ཡིད་སྤྲུལ་རོལ་པ་ལས་བྱུང་བའི། །དྭངས་བསིལ་མཆོད་ཡོན་ཉེར་སྤྱོད་རོལ་མོར་བཅས། །ལྷ་བསང་དུད་སྤྲིན་ནམ་མཁའི་ཁམས་ཀུན་འགེངས། །མཛེས་པའི་རྟ་མཆོག་ཁྱུང་ལྟར་ལྡིང་བ་དང༌། །གཡག་དཀར་ཞོལ་ཆེན་ང་རོ་འབྲུག་བཞིན་སྒྲོགས། །དེ་སོགས་མཐུན་རྫས་གོ་མཚོན་སྣ་ཚོགས་འདིས། །བྲག་དཀར་དགེ་བསྙེན་འཁོར་བཅས་མཉེས་གྱུར་ནས། །བྱང་ཆུབ་གླིང་གི་སྒོམ་སྒྲུབ་དགེ་འདུན་སྡེ། །སྲིད་མཐའི་བར་དུ་དར་ཞིང་རྒྱས་པར་མཛོད། །རྒྱལ་བ་གཉིས་པ་ཡབ་སྲས་བཀའ་བཞིན་དང༌། །འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་དམ་ཚིག་བཞིན། །མ་གཡེལ་མཐུན་པའི་ལས་སྒྲུབས་འགལ་རྐྱེན་སོལ། །འདོད་དགུའི་ལོངས་སྤྱོད་ཆར་བཞིན་འབེབས་པར་མཛོད། །རྨད་བྱུང་སྲས་བཅས་སོགས་བྱ། ཞེས་བྲག་དཀར་དགེ་བསྙེན་ཆེན་པོའི་བསང་མཆོད་འདོད་དགུའི་ཆར་འབེབས་ཞེས་བྱ་བ་འདི་ནི། བྲག་དཀར་རབ་འབྱམས་པ་ཆོས་འཛིན་གྲགས་པས་བསོད་ནམས་ཁ་བཏགས། དངུལ་དང་དོང་ཙེ་མང་དུ་ཕུལ་ནས་ཡུལ་ལྷའི་གསོལ་མཆོད་རྒྱུན་དུ་བྱས་ཆོག་པ་ཞིག་དགོས་ཞེས་བསྐུལ་བའི་ངོར། ༸ཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་སྦྱར་བ་འདིས་ཀྱང་བསྟན་འགྲོ་ལ་དགེ་བར་གྱུར་ཅིག།།

    ན་མ་སྶྭ་ར་སྭ་སྟྱཻ། སྔོན་སྦྱངས་རྣམ་དཀར་བག་ཆགས་སྟོབས་ཆེ་བས། །གཟིགས་པ་ཙམ་གྱིས་གཞུང་བརྒྱའི་ཚིག་དང་དོན། །དྭངས་པའི་ཤེལ་ལ་སྣ་ཚོགས་ཚོན་བཞིན་དུ། །འཛིན་མཛད་ནམ་མཁའ་ལྷུན་གྲུབ་ཞབས་ལ་འདུད། །ལེགས་སྨོན་ནམ་མཁའ་བཞིན་དུ་རྒྱ་ཆེ་བས། །མཁས་གྲུབ་དུ་མའི་ཞབས་བསྟེན་སོ་ཐར་སོགས། །སྡོམ་གསུམ་འབད་མེད་ལྷུན་གྲུབ་སྲུང་མཛད་པའི། །བཙུན་པའི་མཆོག་གྱུར་མགོན་ལ་གསོལ་བ་འདེབས། །ཐོས་དང་བསམ་པས་མདོ་སྔགས་གཞུང་ལུགས་ཚོགས། །ནམ་མཁའ་ལྟ་བུའི་མཐའ་ཡས་ལེགས་རྟོགས་ནས། །འཆད་རྩོད་རྩོམ་ལ་ལྷུན་གྲུབ་ཐོགས་མེད་པ། །པཎ་ཆེན་ཀུན་གཟིགས་དམ་པར་གསོལ་བ་འདེབས། །ཆོས་ཀུན་སྒྱུ་མ་ལྟར་རྟོགས་འཇིག་རྟེན་ཆོས། །སྨྱོན་པའི་གར་དང་ནམ་མཁའི་དཀྱིལ་བཞིན་དུ། །སྤྲོས་ཀུན་སྟོང་པར་གཟིགས་ནས་ལྷུན་གྲུབ་ཏུ། །སྐྱེ་བའི་ཟློས་གར་མཛད་ལ་གསོལ་བ་འདེབས། །མགོན་ཁྱོད་ཐུགས་ལ་བཞེད་པའི་ཐོས་བསམ་སྒོམ། །གཞན་དོན་མཛད་འཕྲིན་འཁོར་ལོ་བཞི་ལྡན་གྱི། །སྤྲུལ་པའི་རབས་ཀྱི་ཕྲེང་བ་ཉིན་བྱེད་བཞིན། །བདག་སོགས་འདབ་བརྒྱའི་དཔལ་དུ་ལེགས་འཆར་ཤོག །ཚེ་རབས་ཀུན་ཏུ་ཁྱེད་སོགས་དགེ་བའི་བཤེས། །རྒྱལ་དང་རྒྱལ་སྲས་མང་པོས་རྗེས་བཟུང་སྟེ། །སྒྲ་དབྱངས་སྲས་དང་ནོར་བཟང་ཀུན་བཟང་བཞིན། །བདག་ཅག་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །བླ་མ་རྒྱལ་བ་སྲས་བཅས་ཐུགས་རྗེ་དང༌། །རྟེན་འབྱུང་བསླུ་བ་མེད་པའི་བདེན་པ་དང༌། །བདག་ཅག་དང་མོས་སྟོབས་ཀྱིས་བདེན་པའི་ཚིག །ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་གྱུར་ཅིག །ཅེས་གཞུང་བརྒྱ་ཐོགས་མེད་དུ་སྨྲ་བའི་པཎ་ཆེན་ནམ་མཁའ་ལྷུན་གྲུབ་ཀྱི་བསྟོད་པ་གསོལ་འདེབས་ཚོགས་གཉིས་ཀྱི་ཆུ་གཏེར་ཞེས་བྱ་བ་འདི་ནི། པཎ་ཆེན་དེ་ཉིད་ཀྱི་སློབ་མ་དཀའ་ཆེན་བཅུ་ཕྲག་སྨྲ་བ་བསྟན་འཛིན་རྒྱ་མཚོས་བསྐུལ་ངོར། ཤཱཀྱའི་དགེ་སློང་མཉྫུ་གྷོཥཱ་ཧ་ས་སྱ་བཛྲ་གྱིས་བྲིས་པ་ཀུན་ལ་ཕན་པར་གྱུར་ཅིག །

                                                                                                                       རྩོམ་སྒྲིག་པ། མང་ར་བ།

 

       གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                   དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།