གཟུངས་འཇུག་འཁྲུལ་སྤོང་ཉིན་མོར་བྱེད་པའི་སྙིང་པོ་སོགས་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-10 20:45:39     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

201758478122486169.jpg

    བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྒྱལ་བའི་སྐུ་གསུང་ཐུགས་རྟེན་བཞེངས་པ་ལ། །ཐོག་མར་གནས་གཞི་འདིང་བ་དང༌། རྟེན་བཞེངས་ཚུལ་གཉིས་ལས། དང་པོ་ནི། གནས་ཀྱི་མཚན་ཉིད་སྤྱིར་དགེ་བཅུ་ཚང་བ། ཁྱད་པར་དཔལ་དཱི་བཾ་ཀཱ་རའི་ས་དཔྱད་འཕྲུལ་གྱི་ལྡེ་མིག །ཕུག་པ་ཡང་གསང་བླ་མེད། ཡང་དགོན་པའི་རི་ཆོས་སོགས་ལས་ཇི་ལྟར་འབྱུང་བ་བཞིན་ལེགས་པར་བརྟགས་ལ། གནས་ཀྱི་གཙོ་བོ་ནི་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཅི་རིགས་བསྟན་པའི་གནས་དང༌། ཡུལ་ཉི་ཤུ་རྩ་བཞིའམ་དེ་དང་འདྲ་བ་དཔའ་བོ་མཁའ་འགྲོའི་འདུ་གནས་དང༌། མཁས་གྲུབ་ཚད་ལྡན་གྱི་ཞབས་ཀྱིས་བཅགས་པའི་གནས་ལྟ་བུ་བྱུང་ན་ལྷག་པར་ལེགས་ཤིང༌། དོན་བསྡུ་ན། དུས་འཁོར་རྩ་རྒྱུད་ལས། གང་ན་ས་སྐྱོང་ཆོས་ལྡན་ཞིང༌། །སྐྱེ་དགུ་བདེར་གནས་རྩོད་པ་མེད། །ཅེས་དང༌། མདོ་སྡེ་རྒྱན་ལས། བློ་ལྡན་གང་དུ་སྒྲུབ་པའི་གནས། །ལེགས་པར་རྙེད་དང་གནས་བཟང་དང༌། །ས་བཟང་བ་དང་གྲོགས་བཟང་དང༌། །རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན། །ཞེས་སྤྱིའི་གནས་དང༌། བྱེ་བྲག་ཏུ་རྣལ་འབྱོར་བའི་གནས་ནི། ཀྱཻ་རྡོར་ལས། དང་པོར་སྒོམ་པར་བྱེད་དུས་ཀྱི། །གནས་ནི་གང་དུ་སྔགས་པའི་སེམས། །གཅིག་ཏུ་མཉམ་བཞག་འགྲུབ་འགྱུར་བའི། །གནས་ནི་བཟང་པོ་ངེས་པར་བརྟགས། །ཞེས་དང༌། བདེ་མཆོག་རྩ་རྒྱུད་ལས། དཔའ་བོའི་གནས་དང་རི་བོར་ནི། །དམ་ཚིག་གནས་ལ་མཁའ་འགྲོ་མ། །རིང་པོར་གནས་ཀྱང་གཟིགས་པར་འགྱུར། །ཞེས་དང༌། གསང་འདུས་རྩ་རྒྱུད་ལས། དགོན་པ་ཆེན་པོའི་ས་ཕྱོགས་ནི། །མེ་ཏོག་འབྲས་བུ་སོགས་པས་བརྒྱན། །རི་བོ་དབེན་པའི་ས་ཕྱོགས་སུ། །དངོས་གྲུབ་ཐམས་ཅད་བསྡུས་པ་འགྲུབ། །ཅེས་གསུངས་པ་ལྟར་ཡིན་པས་གནད་ཆེ། གཉིས་པ་དེར་བཞུགས་པའི་རྟེན་ལ། ངོས་འཛིན་ཚུལ། ཚད། ཕན་ཡོན། གཟུངས་འབུལ་ཚུལ་བཞི། དང་པོ་ལ། སྐུ་གསུང་ཐུགས་རྟེན་གསུམ་ལས། སྐུའི་རྟེན་ནི། སངས་རྒྱས་ལོངས་སྤྲུལ། བྱང་སེམས། ཉན་རང༌། དངོས་བརྒྱུད་བླ་མའི་སྐུ་སོགས་མང༌། གསུང་གི་རྟེན་ནི། མདོ་སྡེ་ལྟར་ན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང༌། གསང་སྔགས་ལ་དབྱངས་གསལ་གྱི་མཐའ་ཅན་གྱི་རྒྱུད་སྡེ་བཞི་སྟོང་ཕྲག་སུམ་ཅུ་རྩ་གསུམ་ལས་ཅི་རིགས་གླེགས་བམ་དུ་བཀོད་པའོ། །ཐུགས་རྟེན་ནི། རང་བཞིན་ལྷུན་གྲུབ་ཀྱི་མཆོད་རྟེན་དག་པའི་སྣོད་བཅུད་དང༌། བླ་ན་མེད་པའི་མཆོད་རྟེན་གླིང་བཞི་ཚད་མེད་བཞི་ལ་སྦྱར་བ། བྱིན་གྱིས་བརླབས་པའི་མཆོད་རྟེན་སྐུ་གདུང་ཆ་བརྒྱད་གླིང་བཞི་སོ་སོར་བཞུགས་པ། དངོས་གྲུབ་འབྱུང་བའི་མཆོད་རྟེན་ཡུལ་བརྒྱད་ཀྱི་ཧེ་རུ་ཀས་དྲག་པོ་བཏུལ་ཏེ་ཡུལ་བརྒྱད་ཀྱི་དུར་ཁྲོད་དུ་མཆོད་རྟེན་བརྒྱད་ཅེས་གསང་སྔགས་ཀྱི་ཐེག་པ་གཞན་ནས་འབྱུང་ལ། ཡོངས་གྲགས་ལ་སངས་རྒྱས་ཀྱིས་མཛད་པ་ཁྱད་པར་ཅན་རེ་མཛད་པའི་ཚེ་མཆོད་རྟེན་རེ་བཞེངས་པའི་མཆོད་རྟེན་བརྒྱད་དང༌། ཉན་ཐོས་རང་རྒྱལ་བྱང་སེམས་སོ་སོའི་མཆོད་རྟེན་སོགས་ནི་སྐུ་གསུམ་ནང་ནས་ཆོས་སྐུའི་རྟེན་ནོ། །ལོངས་སྤྲུལ་གྱི་རྟེན་ནི་རང་རང་གི་སྐུ། དཀོན་མཆོག་གསུམ་གྱི་རྟེན་གྱི་དབང་དུ་བྱས་ན་རིམ་པ་བཞིན་སངས་རྒྱས་ཀྱི་སྐུ། དེ་དག་གི་གསུང་གླེགས་བམ། ཉན་རང་བྱང་སེམས་སོགས་ཀྱི་སྐུ་བརྙན་རྣམས་སོ། །གཉིས་པ་ཚད་ནི། སྦྱིན་བདག་གི་འབྱོར་བསྟུན་གྱིས་ཆེ་ཆུང་མ་ངེས་ཤིང༌། ཆག་ཚད་ཀྱི་རིམ་པ་དུས་འཁོར་སྡོམ་འབྱུང་རྩ་འགྲེལ་སོགས་ནས་འབྱུང་བ་ལྟར་དང༌། གླེགས་བམ་ཡང་སྤྱིར་ཡིག་རིགས་དྲུག་ཅུ་ལྟ་བུ་དང༌། བོད་འདིར་སུམ་རྟགས་རྩ་འགྲེལ་སོགས་གཞིར་བཞག་གིས་བརྡ་དག་སོགས་རུང་བར་དགོས། གསུམ་པ་ཕན་ཡོན་ནི། མཆོད་རྟེན་སྐུ་འདྲ་གསུང་རབ་རེ་རེ་ལའང་ཕན་ཡོན་མཐའ་ཡས་ཏེ། མཆོད་རྟེན་དང་རྒྱལ་བའི་སྐུ་གཟུགས་བཞེངས་པ་ལ་རྡུལ་ཕྲན་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་རྒྱལ་སྲིད་དང༌། ལྷ་དང་མིའི་ལུས་ཐོབ་ཅིང་མཐར་སངས་རྒྱ་ལ། དེའི་བར་དུ་མི་ཁོམ་པར་མི་སྐྱེ་བར་བཤད་ཅིང༌། གསུང་རབ་ཤེར་ཕྱིན་ལྟ་བུ་ལ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དགྲ་བཅོམ་ལ་བཀོད་པ་བས་ཤེར་ཕྱིན་གྱི་གླེགས་བམ་བཞེངས་པ་བསོད་ནམས་ཆེ་བར་བཤད་པ་སོགས་མང༌། བཞི་པ་གཟུངས་འབུལ་ཚུལ་ལ། སྦྱོར་དངོས་མཇུག་གསུམ་དགོས་པར་བསྟན། ལོག་རྟོག་བསལ། འབུལ་ཚུལ་དངོས་གསུམ། དང་པོ་ལ་རྟེན་གསུམ་བཞེངས་པའི་གནས་སུ། རྡོ་རྗེ་ཕྲེང་བ་དང་སྔགས་རིམ་སོགས་ནས་བཤད་པ་ལྟ་བུའི་ས་བརྟགས་བསླང་སྦྱངས་གཟུང་བགེགས་བཟློག་རྣམས་གྲུབ་ན་ལེགས་ལ། མ་གྲུབ་ན་སྦྱངས་གཟུང་རྒྱས་བསྡུས་ཅི་རིགས་བྱ། གནས་གཞི་འདིང་བ་ལྟ་བུ་ལ་ལྟོ་འཕྱེ་བརྟག་པའང་དགོས། དེ་བཞིན་དུ་བཟོ་བོ་དང༌། སྐུ་རྒྱུ། ལག་ཆའི་རིམ་པ་སོགས་ཀྱི་བྱིན་རླབས་དང༌། གཙུག་ལག་ཁང་དང༌། མཆོད་རྟེན་དང༌། སྐུ་གཟུགས་ཆེ་བ་སོགས་ལ་བུམ་གཏེར་ཡང་ལག་ལེན་ལྟར་བྱས་ལ་གཟའ་སྐར་སྦྱོར་བྱེད་སོགས་དང་བསྟུན་པ་གཅེས། གཉིས་པ་ལོག་རྟོག་བསལ་བ་ནི། ལི་མ་དང་སྐུ་གར་བླུགས་འགའ་ཞིག་ལ་གཟུངས་མི་སྣང་བས་གཟུངས་གཞུག་ལ་ཁུངས་མེད་དོ་སྙམ་ན། དཀྱིལ་ཆོག་རྡོ་རྗེ་ཕྲེང་བར་གཟུངས་གཞུག་འབུལ་བར་དངོས་སུ་བཤད་ཅིང༌། མདོ་ལས་སྐུ་གཟུགས་རིང་བསྲེལ་གྱི་སྙིང་པོ་ཅན་གསུངས་པས། ཆོས་སྐུའི་རིང་བསྲེལ་ལ་གཟུངས་སུ་གྲགས་པས་ཤིན་ཏུ་དགོས་པའི་ལུང་རིགས་མང༌། གསུམ་པ་ལ། དངོས་དང༌། འཕྲོས་དོན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི་སྲོག་ཤིང་རབ་ཙན་དན། མ་འབྱོར་ན་ཤུག་པའམ་འབྲས་བུ་ཅན་གྱི་ཤིང་མ་བཅད་གོང་ནས་ཤར་ངོས་མ་ནོར་བ་དགོས་ལ། སྐུ་གཟུགས་ལ་མེད་ནའང་རུང་ཀྱང་མཆོད་རྟེན་ལ་ངེས་པར་དགོས། ཆོས་སྐྱོང་གི་རིགས་ལའང་མན་ངག་ལྟར་དགོས། མཆོད་རྟེན་གྱི་ཆོས་འཁོར་ཡན་ཆད་ཟླུམ་པོ། གཞན་རྣམས་གྲུ་བཞི་རྩ་རྩེའི་རྣམ་པའི་ཕྲ་སྦོམ་ཡོད་པ། དེའི་རྩེ་མོར་རྣམ་རྒྱལ་མཆོད་རྟེན་དང་རྩ་བར་རྡོ་རྗེ་ཕྱེད་པ་གྲུབ་ན་བརྐོ་བའམ། མ་གྲུབ་ན་འབྲི། རྩ་དབུ་མའི་མཚོན་དོན་ཡིན་པས་སྐུ་གཟུགས་ལ་རྡོ་རྗེའི་སྐྱིལ་ཀྲུང་ཡན་ཆད་དམ། ཡང་ན་ལྟེ་བ་ཡན་ཆད་ཙམ་དང༌། མཆོད་རྟེན་ལ་གདུང་ཆེན་ཡན་ཆད་ཀྱི་ཚད་དུ་བྱ། སྲོག་ཤིང་རུས་ཤིང་གཅིག་ཚེ་མཚམས་དེར་བཅད་ཀྱི་རི་མོ། གཡས་གཡོན་དུ་རོ་རྐྱང་མཚོན་པའི་དུར་བ་དང་ཀུ་ཤ།།སྲོག་ཤིང་གི་ཁ་དོག་ཡི་གེ་གང་གིས་འབྲི་བའི་མདོག་དང་མི་ཟློས་པའི་ཚོན་གྱིས་བྱུགས། སྐུའི་དབུའི་བྱིངས་དང༌། མཆོད་རྟེན་གྱི་བྲེ་ཐད་ལ། ཨོཾ་སརྦ་བིདྱ་སྭཱཧཱ། ཞེས་དང༌། མཆོད་རྟེན་གྱི་བྲེ་མགྲིན་སྐུའི་མགྲིན་པའི་ཐད་ཀར་དབྱངས་གསལ་དང༌། ཐུགས་ཀའི་ཐད་དུ་བཛྲཨཱཿཡུ་ཥེ་དང༌། སུ་པྲཏིཥྛ། མདུན་གྱི་གནས་ལྔར་ཨོཾ་ཨཱཿཧཱུཾ་ཏྲཱཾ་ཧྲཱིཿ ཡི་དམ་ལྷའི་ཐུགས་ཀའི་ཐད་དུ་རང་གི་སྙིང་པོ་འདོད་གསོལ་བཅས་ལྷའི་སྔགས་གཞན་ལའང་དགོས། གཞན་ཡང་ཤར་ངོས་ལ་གཙུག་ཏོར་རྣམ་རྒྱལ། ལྷོར་གཙུག་ཏོར་དྲི་མེད། ནུབ་ཏུ་གསང་བ་རིང་བསྲེལ། བྱང་དུ་བྱང་ཆུབ་རྒྱན་འབུམ་གྱི་གཟུངས་རིང་དམ་གཟུངས་ཐུང་འབྲི། བཞི་ཀའི་གཤམ་དུ་རྟེན་འབྲེལ་སྙིང་པོ། བཟོད་པ་དཀའ་ཐུབ་མ་སོགས་བྲི། ནང་རྟེན་ལྟ་བུ་ལ་རང་གི་རྩ་བའི་བླ་མའི་སྐུ་གཙུག་ཏོར་གྱི་ནང༌། ཐུགས་ཀའི་ཐད་དུ་ལྷག་པའི་ལྷའམ་ཡི་དམ་ལྟ་བུ་བྲིས་འབུར་ལ། རིན་པོ་ཆེའི་ཕྲེང་བའི་རིགས་དང༌། རིན་པོ་ཆེའི་ཕྱེ་མ་དང༌། དྲི་བཟང་པོའི་སྨན་གྱི་ཚོགས་རྣམས་སྐུ་མདོག་དང་མཐུན་པའི་དར་གྱིས་དྲིལ་ལ། སྐུ་གཟུགས་དེ་གཉིས་དང་ལྷན་ཅིག་འདོད་གསོལ་དང་བཅས་འཇོག །འདི་ལ་ཤི་གསོན་སོ་སོ་དང༌། ཆོས་རྒྱུད་སོགས་ལ་ལྟོས་པའི་སྤེལ་ཚིག་ཤེས་དགོས། ལྟེ་བའི་འོག་ཙམ་དུ་གང་ཟག་དེ་ཀའི་ཆོས་སྐྱོང་ངམ་སྦྱིན་བདག་གི་ཆོས་སྐྱོང༌། རབ་གནས་ཀྱི་ཚེ་བསྒོ་རྒྱུའི་སྐུ་སྔགས་མཐུན་རྫས་རྣམས་དང་ལྷན་ཅིག་ཏུ་བཞག་ལ་སྐབས་བབས་ཀྱི་གཉེར་གཏད་སྤེལ་ཚིག་རྒྱས་པར་བྱའོ། །རིང་བསྲེལ་ལ་སྐུ་གདུང་གི་རིང་བསྲེལ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ། སྐུ་བལ་གྱི་རིང་བསྲེལ། ཆོས་སྐུའི་རིང་བསྲེལ་རྣམས་ལས། དང་པོ་ནི་སངས་རྒྱས་བྱང་སེམས་ཉན་རང་བླ་བརྒྱུད་ཀྱི་གདུང་རུས་ལྟ་བུ། གཉིས་པ་ནི་ཡོངས་གྲགས་ཀྱི་རིང་བསྲེལ། གསུམ་པ་ནི་དབུ་སྐྲ་ཕྱག་སེན་སོགས། བཞི་པ་ནི་གཟུངས་ལ་ངོས་འཛིན་པས། འཇོག་ལུགས་དེ་བཞིན་གཤེགས་པའི་རིང་བསྲེལ་གཙོ་བོར་གྱུར་པའི་རིང་བསྲེལ་རྣམས་མཐོ་དམན་གྱི་བབས་བསྟུན་ནས་བཞག །གང་ཟག་དམན་པའི་རུས་པ་རུས་ཆོག་བྱས་ན་མ་གཏོགས་འཇོག་མི་རུང༌། ཆོས་སྐུའི་རིང་བསྲེལ་འབུལ་ཚུལ་ལ། བླ་གཟུངས་ནས་བཟུང་པད་གཟུངས་ཀྱི་བར་སྣག་ཚའི་རྒྱུ་གྷི་ཧང༌། རིན་པོ་ཆེ་སོགས་སམ། དེ་སྣག་ཚར་བསྲེས་པའི་ཡི་གེ་ལཉྫ་སོགས་སྔར་ལྟར་དུ་རུང་བར་བྲིས་ལ། དེ་ཡང་གཟུངས་རིང་འཕྲེང་གཅིག་མ་གཏོགས་གོང་འོག་མི་ཉན། འཇོག་ལུགས་གོ་རིམ། མ་དྲིལ་གོང་ལ་དྲི་བཟང་པོ་བྱུགས། བགེགས་བསྐྲད་རབ་གནས་བསྡུས་པ་ལག་ལེན་ལྟར་བྱས། དྲིལ་ཚུལ་མཇུག་ནས་ཡི་གེ་ནང་བསྟན་དྲིལ་བ་དང༌། དབུ་ནས་དྲིལ་ལུགས་གཉིས་ལས། གཉིས་ཀ་འཐད་ཀྱང་ཕྱི་མ་ལེགས། དར་རས་སོགས་ཀྱི་ན་བཟའ་སེར་པོས་དྲིལ། སྐུད་པས་དམ་དུ་དཀྲིས། དབུ་དང་སྟོད་སྨད་ཀྱི་གཟུངས་སོགས་མི་ནོར་བའི་ཁ་བྱང་དང་མཚན་མ་བྱ། གཟུངས་འབུལ་བའི་གནས་ཁང་དེར་གསེར་ཟངས་སོགས་ཀྱི་སྐུ་དང༌། རྒྱུ་དེ་ལས་གྲུབ་པའི་མཆོད་རྟེན་རྣམས་ལ་ནི་ཐོག་མར་བྱིན་རྟེན་སྲོག་ཤིང་སྐུ་གཟུགས་དང་གཟུངས། དྲིལ་གྲུབ་པ་རྣམས་ལ་ནི་ཙན་དན་དང་ཤུག་པ་སོགས་སྤོས་ཀྱི་ཕྱེ་དང་སྨན་སྣ་འབྲུ་སྣ་ཐུམ་རྫས་ཀྱི་གོས་དར་གསེར་གཡུ་སོགས་མདོར་ན་དེར་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པ་ལ། རྡོ་རྗེ་སློབ་དཔོན་ལྷའི་ང་རྒྱལ་ལ་གནས་པས་བགེགས་བསྐྲད་དྲག་ཏུ་བྱ། བསྲུང་འཁོར་བསྒོམ། སླར་ཡང་གཟུངས་རྣམས་ལ་རབ་གནས་བསྡུས་པ་ཞིག་བྱ། རྟེན་གྱི་ནང་དུ་གད་རོ་མ་ལུས་པར་བཏོན། ཕྱིའི་གསེར་མདངས་སོགས་ལ་མི་གནོད་པའི་ཆུས་བཤལ་ནས། སྡོམ་གཟེར་གྱི་བུག་པ་དང༌། སྒྲིགས་མཚམས་སུ་ཆུ་འགྲོ་བ་ཡོད་ན། མ་འོངས་པ་ན་སྐུ་རྗེན་པ་ལ་ཁྲུས་ཆབ་ལྟ་བུ་གསོལ་བའི་ཚེ་བརླན་གྱིས་གཟུངས་རུལ་འགྲོ་བས། སྒྲིགས་མཚམས་དམ་ཞིང་འབྱོར་ན་འབེར་དང༌། མ་མཐའང་བཀྲག་ཆུས་སྲུབ་མེད་པར་བྱ། དེ་ནས་ཙན་དན་དཀར་དམར་ཨ་ཀ་རུ་ཤུག་ཕྱེ་སོགས་ཀྱིས་གཞི་བྱས། དྲི་བཟང་པོའི་སྨན་ཚོགས་ཚད་སྤོས་རེང་སོགས་ཞིབ་ཏུ་བཏག་ལ་ཆུ་གཙང་གིས་བྲན་པའི་སྐ་སླ་ཞོ་ཙམ་གསེར་ཟངས་ཀྱི་ནང་མཆོད་རྟེན་གྱི་ཤིང་སོགས་ཐམས་ཅད་ལ་ལན་མང་དུ་བྱུགས་ཏེ། སྲབ་འཐུག་བའི་ཀོ་བ་ཙམ། སྨན་སྐུ་ཡིན་ན་ཆུ་ཉུང་ལ་སྐ་བ་བྱེད་དགོས། སྨན་སྐུ་ཆེན་པོ་འགའ་ཞིག་ལ་གཟུངས་ཐོག་མ་ནས་གྲུབ་པ་དགོས་པ་ཡོད། དེ་ནས་རྟེན་རྣམས་ལ་ཞི་བ། ཞི་དྲག་ཕྱེད་མ། དྲག་པོའི་སྦྱངས་པ་སྟེ་སྦྱངས་གསུམ་སྔོན་དུ་འགྲོ་བའི་བགེགས་བསྐྲད་བྱས། གུ་གུལ་གྱིས་བདུག །གཟུངས་འཇུག་འབུལ་པའི་ལས་བྱེད་མཁན་ལ་རབ་དགེ་སློང༌། འབྲིང་དགེ་ཚུལ། ཐ་མ་དགེ་བསྙེན་ནམ་ཁྱིམ་པ་གསོ་སྦྱོང་ལ་གནས་པ་དག་གིས་ཁྲུས་བྱས། གོས་གསར་བ་གྱོན། ཤ་ཆང་སྒོག་ཙོང་ཁ་ཟས་མ་རུང་བ་སྤངས་ཤིང་ཨོཾ་མཱནྟྲ་ངྷ་ཏུ་གར་བྷ་ཡ་སྭཱཧཱ། ཞེས་དང༌། བཀྲ་ཤིས་པའི་ཚིགས་བཅད་འདོན་བཞིན་པས་ལས་བྱེད། དེ་རྣམས་ལ་ཇ་བུ་རམ་སོགས་ཀྱིས་ཚིམ་པར་བྱས་ན་སྦྱིན་བདག་ལ་ལོངས་སྤྱོད་ཀྱི་རྟེན་འབྲེལ་དུ་ཆེ། སྐྱེ་མཆེད་བྱིན་རླབས་སོགས་གསེར་སྐུ་ལ་ཐད་སོར་ནང་ནས་སྦྱར། སྨན་སྐུ་ལ་ཚོན་འོག་ཏུ་འབྲི། འཕེལ་གདུང་སོགས་བྱིན་རྟེན་ཐོར་ཚུགས་ཅན་གྱི་དབུ་སྐྲའི་ནང༌། བླ་སྐུའི་དབུ་གཙུག །མཆོད་རྟེན་གྱི་ཏོག་དང་གདུགས་ནང་དུ་བཅུག །མཛོད་སྤུར་ནོར་བུ་རྒྱས་པའི་གཞལ་མེད་ཁང༌། དེའི་འོག་ཏུ་བླ་མ་བརྒྱུད་པའི་མཚན་གཟུངས། གཙུག་ཏོར་འཁོར་བསྒྱུར་གྱི་གཟུངས་ལ་བར་ཆད་སེལ་བའི་སྤེལ་ཚིག་དང༌། གདུགས་དཀར་གྱི་གཟུངས་འཇུག །མཆོད་རྟེན་ཡིན་ན་བྲེ་ཡན་ཆད་དུ་གཞུག །སྐུའི་མགུལ་དང་མཆོད་རྟེན་གྱི་བྲེ་ཕྲེང་གི་ཐད་དུ་དབྱངས་གསལ། སྐུའི་སྟོད་དང་མཆོད་རྟེན་གྱི་བུམ་སྟོད་ལ་བླ་མེད་ཀྱི་གཟུངས། གཡས་སུ་ཕ་རྒྱུད། གཡོན་དུ་མ་རྒྱུད། དབུས་སུ་རང་གི་ལྷག་པའི་ལྷ་བླ་མེད་གང་ཡིན་གྱི་གཟུངས་དང༌། སྐུ་གསུང་ཐུགས་རྟེན་བྱིན་རླབས་ཅན་ཡོད་ན་གཞུག །དེའི་འོག་སྐུ་རྐེད་དང༌། བུམ་རྐེད་ལ་རྣལ་འབྱོར་རྒྱུད། སྤྱོད་རྒྱུད། བྱ་རྒྱུད་ཀྱི་གཟུངས་རིམ་པས་གཞུག །ལྟེ་འོག་དང་བུམ་སྨད་ལ་གཟུངས་ཆེན་སྡེ་ལྔ། ཡངས་པའི་གྲོང་ཁྱེར་དུ་འཇུག་པ། གཞན་ཡང་མདོ་ལས་འབྱུང་བའི་གཟུངས་རྣམས་དང༌། ཕྱག་ལ་གཟུངས་འཇུག་པར་ཤར་ན་བླ་མེད་ཀྱི་གཟུངས་ཀྱི་རིགས་དཔུང་མགོ་ནས་མཐེ་བོང་གི་བར་ལ་ཡས་བཅོལ་ནས་འཇུག །སྟོད་གཟུངས་སྨད་གཟུངས་རྣམས་ལ་གོས་དར་སེར་པོ་སོགས་ཀྱི་མཚམས་དར་ལེགས་པར་བཏང༌། སྐུའི་སྐྱིལ་ཀྲུང་དང་མཆོད་རྟེན་གྱི་བང་རིམ་རྣམས་ལ་རྒྱུད་སྡེ་བཞི་དང་ཐེག་པ་གོང་འོག་སོགས་གོ་རིམ་མ་འཛོལ་བར་བྱས་ཏེ། སངས་རྒྱས་ཀྱི་བཀའ་དང་དེའི་བསྟན་བཅོས་མངོན་རྟོགས་སྒྲུབ་སྐོར་ལས་ཚོགས་ཀྱི་གླེགས་བམ་ཤོག་བུའི་བར་བར་ལ་དྲི་བཟང་དང་བཅས་ནང་དྲིལ་གོས་དར་སྣ་ཚོགས་གང་འབྱོར། ཕྱི་དྲིལ་དར་སེར་པོས་བྱས། དབུ་ཤོག་ཡར་ལོག །མདུན་ངོས་ཀྱི་དབུ་རྟེན་གྱི་རྒྱབ་ཕྱོགས་སུ་ཡོད་པར་བྱས་སུག་པ་མདུན་ངོས་ལ་བསྟན་ནས་འཇོག།།གཟུངས་དང་གླེགས་བམ་གྱི་སྲུབ་སྟོང་བར་ལུས་པ་རྣམས་ཤུག་ཕྱེ་དང་སྤང་སྤོས། གཙོ་བོ་བུམ་རྫས་ཉེར་ལྔ། གཞན་ཡང་དྲི་བཟང་ཅི་འབྱོར་གྱི་ཕྱེ་མ་དར་དང་རས་སེར་པོས་ཐུམ་བུ་བྱས་ནས་འགེངས། སྐུའི་རྟེན་གྱི་པདྨའི་སྟོང་ངམ། མཆོད་རྟེན་གྱི་སེང་ཁྲིའི་སྟོད་ཀྱི་ཐད་དུ་དབུས་སུ་བཀྲ་ཤིས་པའི་ཚིགས་བཅད་ལྷུག། བཀྲ་ཤིས་པའི་གཟུངས་རྣམས་ཀྱི་ཤོག་དྲིལ། གཡས་སུ་ཆོས་སྐྱོང་བསྲུང་མ། གཡོན་དུ་དཔལ་མགོན་བདུན་ཅུ་རྩ་ལྔ། རྒྱབ་ཏུ་གནོད་སྦྱིན་ནོར་ལྷའི་གཟུངས་དང༌། ཕྱོགས་སྐྱོང་རྒྱལ་ཆེན་བཞི་གཟའ་རྒྱུ་སྐར་ལྷ་ཀླུ་ས་བདག་མཐུ་བོ་ཆེ་རྣམས་ཀྱི་སྔགས། དེ་དག་རྣམས་ཀྱི་བར་བར་དུའང་བྲ་བོ་དང་པད་ཁམ་ཡིན་པའི་འབྲུ་སྣའི་རིགས་རས་དར་སེར་པོས་བཏུམས་ཏེ་བཅུག །དར་སེར་པོས་མཚམས་བཅད་མ་ལུག་པར་བྱའོ། །ཞེས་པ་འདི་ངག་དབང་གྲགས་པས་གསོལ་བ་བཏབ་པ་བཞིན་རྗེ་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པ་ལགས།

    ༈ གཟུངས་འཇུག་གི་ཟུར་འདེབས་འཁྲུལ་སེལ་ག་བུར་ཆུ་རྒྱུན་བཞུགས་སོ། །དེ་ལ་འདིར་རྒྱལ་བའི་དབང་པོ་མཆོག་གིས་གནང་བའི་གཟུངས་འབུལ་ལ་བརྟེན་ནས་ཞལ་ལས་ཤེས་དགོས་པའི་ཞིབ་ཆའི་ཡི་གེ་ཁྱབ་བདག་རྡོ་རྗེ་འཛིན་པ་བློ་བཟང་དཔལ་འབྱོར་གྱི་གསུང་ཟིན་བྲིས་སུ་བཀོད་པ་ནི། སྲོག་ཤིང་གི་རྒྱུ་འོ་མ་ཅན་གྱི་ཤིང་དངོས་རྒྱ་གར་ན་ཡོད་ཅིང་དེའི་དོད་འོམ་བུ་ལ་བྱེད་ཀྱང་དེ་ལའང་སྲོག་ཤིང་ཉན་པ་དཀའ་བས་ཕྱག་ལེན་ལ་སྲོག་ཤིང་ཆེན་པོ་དགོས་ཚེ་ཤུག་པ་ལ་བྱེད་ལ། ཤིང་དེ་མ་བཅད་གོང་གི་ཤར་ལ་ལྟ་ཕྱོགས་དེ་སྐུ་གཟུགས་སོགས་ཀྱི་མདུན་དུ་བྱེད་གསུངས། ཡང་རུས་ཤིང་དང་སྲོག་ཤིང་གཅིག་པར་བསྒྲུབ་ཚེ་སྲོག་ཤིང་ལ་རྡོ་རྗེ་རྩེ་གཅིག་འབྲི་བརྐོ་མི་དགོས་པ་དམིགས་ཀྱིས་བསལ་བ་དང༌། རུས་ཤིང་དང་སྲོག་ཤིང་གི་མཚམས་སྣག་རིས་ཀྱིས་བཅད་བྱ་གསུངས། ཕ་བོང་ཁ་བས་རྩ་དུར་བ་དང་ཀུ་ཤ་གཉིས་ལ་གཡས་གཡོན་གྱི་ཕྱོགས་རེའི་ངེས་པ་མེད་པར་ཕྱོགས་རེ་རེ་ལའང་གཉིས་ཀ་འཇོག་ཚོད་ཡིན་གསུངས། གནས་ལྔར་ཨོཾ་ཨཱཿཧཱུཾ་ཏྲཱཾ་ཧྲཱིཿཞེས་པ་བཀོད་ཅེས་པའི་དོན་ཐུགས་ལ་མ་ངེས་གསུངས། དབུ་གཙུག་དང་ཐུགས་ཀར་བླ་མ་དང་ལྷའི་སྐུ་བྲིས་མ་འཇོག་ལུགས་གཞོགས་གཡས་གཡོན་ནམ་གཤམ་ནས་དྲིལ་ཏེ་འཇོག་པའི་གསལ་ཁ་ཐུགས་ལ་མི་ངེས་འདུག་གསུངས། སྐུ་གཟུགས་ཐུགས་ཀར་ཀུན་རིག་མི་འཁྲུག་པ་སོགས་ལ་བརྟེན་ནས་སྡིག་སྦྱོང་གི་གཟུངས་བཞུགས་ལུགས་བྱས་ཏེ་ཐུགས་ཀར་འཇོག་ལུགས་ལ་ལྷ་དེའི་སྐུ་དབུས་སུ་བཞག་ནས་གཟུངས་ཤོག་དྲིལ་བྱས་ནས་མཐའ་བསྐོར་ནས་འཇོག་གསུངས། ལྟེ་བའི་འོག་ཙམ་དུ་བཞེངས་ཡུལ་གྱི་ཞེས་སོགས་ལ་ཆོས་སྐྱོང་གི་རིགས་སོགས་ལ་གཉེར་གཏད་བྱེད་ན་སྐུ་གཟུགས་སོགས་དེ་སུ་ལ་གཏད་གཉེར་བྱེད་རྒྱུའི་ཆོས་སྐྱོང་ཕྱག་དྲུག་པ་ལྟ་བུའམ་ཡུལ་དུས་གནས་སྐབས་སོགས་དང་བསྟུན་པའི་ཆོས་སྐྱོང་ཞེས་པས་བསྟན་པའི་ཡུལ་ལྷ་སོགས་ལ་རབ་གནས་ཀྱི་དུས་སུ་བསྐང་གསོ་སོགས་སྒེར་དུ་བཏང་ནས་རྟེན་དེ་བསྲུང་སྐྱོབ་ཀྱི་བཀའ་བསྒོ་དགོས་ལ། དེ་ལྟ་བུའི་ཆོས་སྐྱོང་སོགས་དེའི་བྲིས་འབུར་གྱི་སྐུ་དང་ལྷན་ཅིག་ཏུ་བཞག་རྒྱུའི་མཐུན་རྫས་ནི་ཕྱག་དྲུག་པ་ལྟ་བུ་ལ་ཕྱི་ནང་གསང་བའི་རྟེན་རྫས་ཐུམ་ཅན་དུ་བྱས་ལ། དེ་ལ་ལས་འདི་གྱིས་ཤིག་པའི་སྤེལ་ཚིག་བྲིས་ཏེ་ཤོག་དྲིལ་ལྟར་དཀྲི་པས་མཚོན་གསུངས། གོང་གི་སྲོག་ཤིང་གི་སྐབས་དང་འདི་དག་ལ་ཆོས་སྐྱོང་རང་རང་གི་ལས་ཚོགས་དང་གཞུང་ནས་འབྱུང་བ་ལྟར་བྱེད་པ་མ་གཏོགས། པར་བཀབ་བྱེད་མི་ཐུབ་གསུངས་ཀྱིན་འདུག་གསུངས། ལྷ་དེའི་ཆོས་རྒྱུན་ལ་དམ་སེལ་ཡོད་ཚུལ་ནི་གསང་འདུས་ལྟ་བུའི་ཆོས་ལུགས་དེ་ལ་ལོག་པར་ལྟ་བའམ་མི་འཐད་ཅེས་དགག་པ་མཛད་པ་ལྟ་བུ་དང༌། ཡང་རང་རེའི་འཇིགས་བྱེད་ལྟ་བུ་ལ་འདི་ལྟ་བུའི་ཞལ་ཕྱག་ཅན་གྱི་འཇིགས་བྱེད་མི་རུང་ཞེས་དགག་པ་མཛད་པ་ལྟ་བུ་ཡིན་གསུངས། ཡང་གཟུངས་འབྲི་ཚུལ་སོགས་ལ་བླ་མེད་ཀྱི་གསང་འདུས་ལྟ་བུ་གཅིག་གི་གཟུངས་ཡིན་ཀྱང་པར་མ་ལྟ་བུའི་འཐུད་མཚམས་ལ་མཐོང་དམན་མི་རུང་ལ། འཐུད་མཚམས་ལ་བར་སྟོང་སོགས་ཡོད་ཀྱང་སྐྱོན་མེད་པ་འདྲ་ཡང་རབ་འབྱམས་པས་དེ་མི་དགའ་གསུངས་ལ། འོན་ཀྱང་རང་གིས་ནི་བར་སྟོང་མེད་པ་བྱེད་ཀྱིན་ཡོད་གསུངས། ཡང་བླ་མེད་ཀྱི་གཟུངས་ལ་ཕ་རྒྱུད་མ་རྒྱུད་སོགས་རྒྱུད་དང་ལྷ་མི་གཅིག་པའི་གཟུངས་སོ་སོར་དྲིལ་གྱིན་ཡོད་གསུངས། ཡང་དེས་བྱ་རྒྱུད་ལ་མཚོན་དགོས་རྒྱུ་ལ། སྐུ་ཞབས་ཀྱི་ཕྱག་ལེན་པོ་ཏ་ལའི་གཟུངས་འབུལ་འདི་ལ་རིགས་གསུམ་མགོན་པོའི་སྔགས་ཕྱོགས་གཅིག་ཏུ་བྱས་འདུག །སྐུ་གཟུགས་ཆུང་ངུའི་ནང་རྟེན་དང་ཤོག་དྲིལ་ལ་རྒྱུད་སྡེ་གོང་འོག་གི་རིམ་པས་ཡིག་ཕྲེང་གོང་འོག་བྱ་ཞིང་འདི་འདྲའི་རིགས་ལ་མཚམས་དར་གཏོང་མི་ཐུབ་འདུག་གསུངས། སྤྱིར་སྟོད་སྨད་བར་གསུམ་གྱི་མཚམས་དར་གྱིས་སོ་སོར་རྒྱུད་སྡེའི་གཟུངས་རིགས་བཅད་པ་དགོས་ཤིང་དེ་ནི་རྒྱུད་སྡེའི་གཟུངས་སོ་སོར་འཇོག་པའི་དབང་དུ་བྱས་པ་ཡིན་གསུངས། ཡང་མ་དྲིལ་བ་ཞེས་སོགས་དང༌། དེ་ནས་རྟེན་རྣམས་ལ་སྦྱངས་གསུམ་ཞེས་སོགས་ཀྱིས་བསྟན་པའི་སྦྱངས་གསུམ་སྔོན་འགྲོ་ཅན་གྱི་བགེགས་བསྐྲད་ལུགས་དང༌། དེ་སྐབས་ཀྱི་རྟེན་ལ་རབ་གནས་བསྡུས་པ་བྱེད་ལུགས་དང་འོག་གི་གནོད་སྦྱིན་ཕོ་མོའི་དང༌། ཚོགས་བདག་གི་འཁོར་ལོ་བསྐྱེད་སྒྲུབ་གཞུང་བཞིན་བྱེད་ལུགས་ཀྱི་ཡི་གེ་རྒྱལ་བའི་དབང་པོའི་གསུང་ལ་བརྟེན་ནས་ཕ་བོང་ཁ་པས་ཕྱག་ལེན་གྱི་ཡི་གེ་ཕྱོགས་གཅིག་ཏུ་བསྒྲིགས་པ་ཡོད་གསུངས། ཡང་སྔགས་ཀྱི་དབུ་ནས་ཡི་གེ་ནང་དུ་བསྟན་ནས་དྲིལ་གྱིན་ཡོད་གསུངས། ཡང་གཟུངས་དྲིལ་བ་འདིའི་ན་བཟའ་དང་དེ་འདྲིལ་བའི་སྐུད་པ་གཉིས་ཀ་སེར་པོས་བྱེད་ཀྱིན་ཡོད། ཀར་ལུགས་ཀྱི་གཟུངས་འཇུག་རྙིང་བ་འགའ་ཞིག་ལ་དོག་ཚོན་སྣ་ལྔས་དྲིལ་འདུག་གསུངས། ཡང་སྨན་སྐུའི་རིགས་ལ་སྨན་སྣ་མང་པོ་ཚོགས་པའི་དྲི་བཟང་གི་བྱུག་པ་ཡོད་ཙམ་ལས་མང་པོ་བྱུགས་ན་སྨན་སྐུ་དེ་གས་ནས་ཞིག་འགྲོ་བར་འདུག་པས་སྨན་དེའི་སྟོབས་ཡིན་ནམ་རང་དགའི་ཆུ་འདམ་གྱི་ཞལ་ཞལ་དང་མི་འདྲ་འདུག །དེས་ན་དྲི་བཟང་གི་སྐ་སླ་ཞོ་ཙམ་དང་སྲབ་འཐུག་བའི་ཀོ་བ་ཙམ་བྱ་བ་གསེར་ཟངས་ཀྱི་རིགས་ལྟ་བུ་མ་གཏོགས་སྨན་སྐུ་ལ་དེ་བྱ་མི་རུང་གསུངས། ཡང་སྨན་སྐུའི་རིགས་འགའ་ཞིག་ལ་གཟུངས་ཐོག་མ་ནས་ཞེས་སོགས་ལ། སྨན་སྐུ་ཆེན་པོ་རྗེས་སུ་ཞབས་ནས་གཟུངས་གཞུག་མི་ནུས་པ་རྣམས་ཐོག་མ་ཉིད་ནས་པད་གཟུངས་སོགས་ཡས་མས་ཀྱི་རིམ་པར་གཟུངས་གཞུག་དགོས་པ་རྣམས་ལ་རུས་སྲོག་གི་ཤིང་ལ་དབུ་གཙུག་མགྲིན་ཐུགས་སོགས་ཀྱི་ཐད་མི་ནོར་བའི་མཚན་མ་བཏབ་ནས་དེ་དག་ལ་དེ་སྐབས་ཀྱི་གཟུངས་ཚང་མར་དབུལ། དྲིལ་ཚར་རྗེས་སྤེན་མས་ཕྱི་ནས་མི་མངོན་པར་དཀྲིས། དེ་རྗེས་སྨན་སྐུ་དེ་བཟོ་དགོས་ལ། གསེར་ཟངས་ལ་དེ་ལྟར་མི་དགོས་པས། གོ་རིམ་ཅུང་ཟད་མི་འདྲ་ཚུལ་དེ་ལྟར་ཡིན་གསུངས། ཡང་གསེར་སྐུ་ལྟ་བུ་ལ་ཞེས་སོགས་ལ་སྤྱན་སྙན་སོགས་སྐྱེད་མཆེད་རང་རང་གི་བྱིན་རླབས་ཀྱི་སྔགས་རྒྱུད་སྡེ་གོང་མ་རྣམས་ལ་རང་རང་གི་གཞུང་ནས་འབྱུང་བ་དེ་གསེར་ཟངས་ལྟ་བུ་ལ་སྤྱན་དང་སྙན་སོགས་ཀྱི་ཐད་སོའི་ནང་ནས་ཡི་གེ་སྐུའི་ཕྱི་ངོས་ལ་བསྟན་ནས་སྦྱོར། སྨན་སྐུ་ལ་ཚོན་འོག་ཏུ་འབྲི་ཞིང་རྒྱུད་སྡེ་འོག་མ་དེ་སྔགས་མེད་པ་ལ་མི་དགོས་གསུངས། ཡང་ནོར་བུ་རྒྱས་པའི་གཞལ་མེད་ཁང་དང༌། གཙུག་ཏོར་འཁོར་བསྒྱུར་གྱི་གཟུངས་པོ་ཏ་ལའི་གཟུངས་གཞུག་ན་འདུག་གསུངས། ཡང་ཕྱག་ལ་ཞེས་སོགས་ལ། དཔུང་མགོ་ནས་མཐེ་བོང་གི་བར་ལ་ཡས་བཅོལ་ནས་འཇུག་པའི་དོན་དཔོན་སློབ་ཕ་བོང་ཁ་པལའང་ཞུས་པས་མི་ངེས་འདུག་གསུང་གསུངས། རང་གི་བསམ་ཚོད་ལ་མཐེ་བོང་དང་དཔུང་མགོ་ལ་སྔགས་རྣམས་ཀྱི་དབུ་བསྟན་ནས། མཇུག་དཔུང་པ་དང་ལག་ངར་གྱི་ཚིགས་མཚམས་སུ་འོང་བ་དགོས་སམ་སྙམ་གསུངས། སྐྱིལ་ཀྲུང་གི་གཟུངས་འཇོག་མཚམས་ནི་ཞབས་ཀྱི་རྟིང་བ་གཉིས་བསྣོལ་མཚམས་ནས་བརླའི་མ་མཐའ་པད་གདན་ལ་ཐུག་གི་བར་དུ་འཇོག །དེ་དག་གི་ཐད་དུ་རྒྱུད་སྡེ་བཞིའི་གླེགས་བམ་གོ་རིམ་རྒྱུད་སྡེའི་རིམ་པས་འཇོག་ལ། དེ་ལྟར་ན་བླ་མེད་ཀྱི་རྒྱུད་བཀའ་རྣམས་རྒྱུད་སྡེ་འོག་མའི་གཟུངས་ཀྱི་འོག་ཏུ་གཞུག་དགོས་ཀྱང་དམིགས་བསལ་གྱིས་སྐྱོན་མེད་ལ། གཟུངས་ལ་རྒྱུད་སྡེའི་རིམ་པས་གོང་འོག་ཡོད་པ་བཞིན་གླེགས་བམ་ལ་ཡང་ཡོད་ལ། འདི་དག་གི་ཕྱི་དྲིལ་དར་སེར་པོས་བྱས། དབུ་ཤོག་ཡར་ལོག་ལུགས་དབུ་ཤོག་གི་དབུ་ཡི་ཡིག་རྟགས་དང༌། མདུན་ཤོག་གི་དབུ་ཡི་ཡིག་རྟགས་གཉིས་ཕྱོགས་གཅིག་ཏུ་འོང་བ་བྱས་ལ། ཁ་ཡིག་ངོས་གཡས་དང་གཅིག་ཤོས་གཡོན། དབུ་གཟིགས་ངོས་ཀྱི་ཡིག་མགོ་རྣམས་རྒྱབ། སུག་པ་རྣམས་མདུན་དུ་འོང་བ་བྱ་གསུངས། དཔལ་མགོན་བདུན་ཅུའི་གཟུངས་སྔགས་ཀྱང་ཕྱག་ལེན་གྱི་བར་ལ་འདུག་གསུངས། འཁོར་ལོར་མངར་གསུམ་གྱིས་བྱུགས་ཚུལ་ཡང་ཕྱག་ལེན་ལ་ཡི་གེ་དང་ལྷ་ལ་མི་བྱུགས་པར་ཡིག་ལྷ་མི་འཛོལ་བའི་ཐབས་སུ་དབུས་དང་ཕྱོགས་མཚམས་ཀྱི་པར་དུ་བྱུགས་པར་བྱེད་ལ། ཀར་ལུགས་པ་འགའ་ཞིག་གིས་འཁོར་ལོ་ཡོངས་རྫོགས་ལ་བྱུགས་འདུག་གསུངས། སྐུད་པ་སེར་པོས་རྒྱ་གྲམ་དུ་བཅིང་ཚུལ་ཐོག་མར་འཁོར་ལོའི་ཕྱོགས་གཅིག་ནས་ཕྱོགས་གཞན་གྱི་མཐའ་བར་དུ་དཀྲིས། དེ་རྗེས་དེའི་སྟེང་དུ་ཡང་ཕྱོགས་གཞན་གཅིག་ནས་ཕྱོགས་གཅིག་ཤོས་ཀྱི་བར་དཀྲིས་པ་དེ་ཡིན་གསུངས། བྱེ་བྲག་ཏུ་བླ་མའི་ཞལ་བཞུགས་ཞེས་སོགས་ལ། ཚེ་སྒྲུབ་ཀྱི་སྔགས་དང༌། རྫས་ནི་ཚེ་ལྷའམ་ལྷ་དེའི་རྒྱུད་ལས་ཚོགས་ལས་གསུངས་པ་བཞིན་དགོས་ཀྱི་པར་བཀབ་ཀྱིས་མི་ཁྱབ་ལ། འདོད་བཅོལ་ནི་བརྟན་པར་བཞུགས་པའི་སྤེལ་ཚིག་སྦྱོར་པའོ། །བློ་འཕེལ་གཟུངས་འཁོར་ལོ་རྫས་ནི་ལྷ་གང་ཡིན་དེའི་གཞུང་ན་ཡོད་ན་བླངས་ནས་སྦྱོར་བ་མ་གཏོགས་ལྷ་བྱེ་བྲག་པ་གཅིག་གི་འཁོར་ལོ་དང་རྫས་ཞེས་གནོད་སྦྱིན་འཁོར་ལོ་བཞིན་དུ་ངེས་གཟུང་མི་དགོས། ཆོས་སྐྱོང་གི་གཟུངས་གཞུག་ཞེས་སོགས་ལ། ཆོས་སྐྱོང་གང་གི་སྐུ་ཡིན་ནའང་ཆོས་སྐྱོང་དེ་ཀའི་ཕྱི་ནང་གསང་རྟེན་གྱིས་མཚོན་པས་ཞི་རྒྱས་དབང་དྲག་སོགས་སྐབས་སུ་གང་བབས་དང་བསྟུན་པའི་རྫས་དང་སྔགས་དང་དེ་ལ་སྤེལ་ཚིག་སྦྱོར་ཚུལ་སོགས་རང་རང་གི་གཞུང་ནས་བླངས་ཏེ་སྦྱོར་བ་མ་གཏོགས་སྤྱི་ཁྱབ་ཀྱི་པར་བཀབ་དཀའ་གསུངས། སྐུ་གཟུགས་ཆེན་པོའི་ལྟེ་འོག་ཏུ་གཉེར་གཏད་ཀྱི་ཆོས་སྐྱོང་ལ་བཤད་ཚུལ་དེ་ལྟར་ན་གསང་རྟེན་ལ་གྲི་སྙིང་སོགས་དགོས་ལ། དེ་ལུགས་བྱས་ན་བྱ་སྤྱོད་ཀྱི་སྐབས་སུ་ཤ་སོགས་འཇོག་མི་རུང་བར་བཤད་པ་དང་མི་འགལ་ལམ་ཞེ་ན་མི་འགལ་ཏེ། བྱ་སྤྱོད་ཀྱི་གཟུངས་དང་ལྷན་ཅིག་དེ་དག་འཇོག་མི་རུང་ཡང་འདིར་གཟུངས་དེ་དག་ལས་དམའ་ཞིང་ཆོས་སྐྱོང་གི་སྐབས་ཡིན་པས་སྐྱོན་མེད་གསུངས། འདི་མན་གདུགས་དཀར་གྱི་སྐོར་མ་ཁྲིད་ཅིང༌། འདི་རིགས་ལ་དཔེ་ཁྲིད་ཙམ་གྱིས་ཞིབ་ཆ་མི་ཐོབ་ཅིང་ལག་ལེན་རྣམ་པར་དག་པ་མཐོང་ན་ལེགས་གསུངས་སོ། །

 

    སྨྲས་པ།

      སྐྱེ་དགུའི་དཔལ་འབྱོར་སྐྱེད་འདི་རྒྱལ་བའི་ལུགས། །

      བཟང་པོ་འདི་ལས་གཞན་དུ་མི་རྙེད་ལ། །

      དེ་ཡང་དད་ལྡན་སྐུ་གསུང་ཐུགས་རྟེན་ལ། །

      བརྟེན་ནས་སྒྲུབ་ལུགས་མ་ནོར་འདི་ན་སྣང༌། །

    ཟླ་ཟེར་བཞིན་དུ་གང་ལ་འཕོས་པ་དེས། །སྙིང་གི་ཚ་གདུང་མིང་ཙམ་ལྷག་བྱེད་པའི། །ཁྱབ་བདག་བླ་མའི་གསུང་ངག་ག་བུར་རྒྱུན། །ཡིད་ཀྱི་བུམ་པར་ཆུབ་པས་ཚ་གདུང་བཅིལ། །གཞན་ཕན་ཉིན་གྱི་སྐར་མའི་རྗེས་སྙེགས་ཀྱང༌། །རྨོངས་པའི་ཚང་ཚིང་སྟུག་པོར་མནལ་མིན་པའི། །ཐོས་ལྡན་དཔྱིད་ཀྱི་ཕོ་ཉ་སྙན་པའི་གླུ། །ལེན་པར་མགྲིན་པ་གཟེངས་སུ་མངོན་པར་མཐོ། །འདི་བཀོད་གངྒཱའི་བགྲོད་ཚུལ་མ་ནོར་བས། །འཁྲུལ་བའི་དུག་ཅན་དྲི་མ་ཉེར་བཀྲུས་ནས། །རྣམ་པ་ཐམས་ཅད་མཁྱེན་པའི་གཞལ་ཡས་ཁང༌། །ལུས་ཅན་ཀུན་གྱི་སྐལ་བར་སྤྱོད་གྱུར་ཅིག །ཅེས་པ་འདི་རྡོ་རྗེ་ཕྲེང་བ་པོ་ལེགས་འབྱོར་བའི་གསུང་འཇམ་དབྱངས་བཞད་པའི་རྡོ་རྗེས་བརྗེད་བྱང་དུ་བགྱིས་པ་ཐམས་ཅད་ལ་དགེ་བར་གྱུར་ཅིག། །

    ༈ གཟུངས་འབུལ་གྱི་མན་ངག་གཞུགས་སོ། །ཡང་བླ་མ་མཆོག་ནས་འདི་སྐོར་གྱི་ཞལ་ཤེས་མཐོང་བརྒྱུད་ལྟར་བྲི་ན། གསུང་གི་རྟེན་ལ་ཕྲེང་བ་བསྐྱེད་ཆོག་གིས་བྱིན་གྱིས་བརླབས་ནས་དྲི་བཟང་དང་བཅས་པ་མགྲིན་པར་འཇོག་པ་དང༌། ཐུགས་ཀྱི་རྟེན་ལ་རྡོ་རྗེ་རབ་གནས་བྱིན་རླབས་བྱས་པ་དྲི་བཟང་ཐུམ་བཅས་ཐུགས་ཀར་འཇོག །སྲོག་ཤིང་གི་རྩེའི་མཆོད་རྟེན་གྱི་བུམ་པའམ་དེའི་འོག་ཏུ་ཨོཾ་བྲི། དེའི་འོག་ཏུ་ཕྱོགས་བཞིར་རིག་པ་ཆེན་མོའི་སྔགས་བྲི། མགྲིན་པར་ཨཱཿ དེའི་འོག་ཏུ་ཕྱོགས་བཞིར་དབྱངས་གསལ་བྲི། ཐུགས་ཀར་ཧཱུཾ་བྲི། དེའི་སྟེང་འོག་ཅི་རིགས་པར་ཕྱོགས་བཞིར་ཨོཾ་བཛྲ་ཨཱཿཡུ་ཥེ་སྭཱཧཱ་བྲི། དེ་ནས་ཕྱོགས་བཞིར་དེའི་འོག་ཏུ་མཚན་སྔགས་སམ་སྙིང་པོ་བྲིས་པའི་མཇུག་ཏུ་ལྷ་ཆེ་གེ་མོ་རྟེན་འདི་ལ་བརྟན་པར་བཞུགས་ནས་འགྲོ་དོན་མཛད་པ་སོགས་ལས་བཞིའི་སྐབས་སུ་གང་བབས་ཀྱི་འདོད་གསོལ་བྲི། འདིར་མཚན་སྔགས་དང་སྙིང་པོ་ལ་ཤཱཀྱ་ཐུབ་པ་ལ་རང་གི་སྙིང་པོ་བྲི། མར་མེ་མཛད་ལྟ་བུ་ལ་སྒེར་གྱི་སྙིང་པོ་མེད་པས་སངས་རྒྱས་སྤྱི་ལ་ན་མཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ། ཨོཾ་གུ་རུཾགི་ནི་སྭཱཧཱ། ཞེས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོའི་འདི་འབྲི་བར་སྣང་བས། འདིས་སངས་རྒྱས་བྱང་སེམས་གཞན་ལ་སྦྱོར་ཚུལ་མཚོན་ནམ་སྙམ། ལྟེ་བར་ཏྲཾ་བྲི། རྟེན་ཆེན་རྣམས་ལ་འདིའི་འོག་ཏུ་ཕྱོགས་བཞིར་སྲོག་ཤིང་ལ་ཤར་དུ་གཙུག་ཏོར་རྣམ་རྒྱལ། ལྷོར་གཙུག་ཏོར་དྲི་མེད། ནུབ་དུ་གསང་བ་རིང་བསྲེལ། བྱང་དུ་བྱང་ཆུབ་རྒྱན་འབུམ་རྣམས་ཀྱི་སྔགས་རིང་སྙིང་པོ་དང་བཅས་པ་འབྲི་ལ། རྟེན་གཞན་ལ་དེ་མ་ཆུད་ན་སྔགས་ཐུང་བཞི་བྲི། དེའི་འོག་ཏུ་ཕྱོགས་བཞི་ཀར་རྟེན་འབྲེལ་སྙིང་པོ་དང༌། བཟོད་པ་དཀའ་ཐུབ་མ་དང༌། བཀྲ་ཤིས་ཀྱི་ཚིགས་བཅད་བྲིས་པའི་མཇུག་ཏུ། ཨོཾ་སུ་པྲ་ཏི་ཥྛ་བཛྲ་ཡེ་སྭཱཧཱ། ཞེས་བརྟན་བཞུགས་ཀྱི་སྔགས་འབྲི་ལ། སྔགས་འདི་གཞུང་ན་ཐུགས་ཀར་བྲི་བ་དང༌། གོང་འོག་མི་མཐུན་པ་འདྲ་ཞིག་བཤད་ཀྱང༌། འདི་ལྟར་འབྲི་དགོས་པ་མན་ངག་ཏུ་བྱས་གསུངས་སོ། །དེའི་འོག་ཏུ་གསང་གནས་སུ་ཧྲཱིཿ འབྲི། སྲོག་ཤིང་གི་མར་སྣ་ནས་ཕྱོགས་བཞིར་ཡར་ལ་རྩེ་བསྟན་པའི་རྡོ་རྗེ་རྩེ་གསུམ་པ་བཞི་འབྲི་གིན་འདུག །མཆོད་རྟེན་དང་ས་བོན་སྲོག་ཤིང་གི་མདུན་ངོས་མིན་པ་ལ་མི་འབྲི་ཞིང༌། གཞན་གཟུངས་སྤེལ་ཚིག་རྣམས་ཕྱོགས་བཞི་ཀར་འབྲི་བར་འདུག །གཏེར་བུམ་ཕྱག་ལེན་ལྟར་བསྒྲུབ་པའི་མདུན་ངོས་མི་ནོར་བའི་མཚན་མ་བཏབ་ཅིང༌། དཀར་པོར་བསྒྱུར་ལ་པདྨ་འདབ་བརྒྱད་ལ་བཀྲ་ཤིས་རྟགས་བརྒྱད་བྲིས་པའི་སྟེང་དུ་འཇོག་པར་བྱེད། དེའི་སྟེང་དུ་གནོད་སྦྱིན་འཁོར་ལོ་གཞུང་བཤད་ལྟར་འཇོག །དེའི་སྟེང་དུ་པད་གཟུངས་འཇོག་པར་སྣང་ལ། གཞུང་དུ་གཏེར་དང་འཁོར་ལོ་འདི་ལས་བཟློག་པར་བཤད་ཀྱང་འདི་མན་ངག་ཡིན་གསུང་ངོ༌། །རབ་གནས་བགེགས་བསྐྲད་ལ་ཡུངས་ཀར་འབྲུས་མི་གཏོར་བར་ཡུངས་ཀར་གྱི་སྒང་བུས་བྲབ་པའི་རྣམ་པ་བྱེད་ཅིང༌། དགོས་པ་ཡུངས་ཀར་དྲག་རྫས་སུ་འདུག །རྟེན་ནང་དུ་སོང་ན་མི་ལེགས་གསུངས། གསུང་རབ་ལེབ་འཇོག་ཏུ་མི་ཤོང་ན་དབུ་ཆུང་ངོས་ཀྱི་ཡིག་མགོ་གྱེན་ལ་བསྟན་ཏེ་སྲོག་ཤིང་ལ་དྲིལ་ཀྱང་ཆོག་གསུངས། གཞན་རྣམས་གཞུང་དང་མཐུན་ལ། ད་དུང་གནོད་སྦྱིན་འཁོར་ལོ་སྒྲུབ་ཚུལ། རབ་གནས་བྱེད་ཚུལ། འཇོག་ཚུལ་གྱི་ཁྱད་པར་དང༌། གཏེར་བུམ་སྒྲུབ་ལུགས་སོགས་ཀྱི་ཡིག་སྣ་གཞན་དུ་ཡོད་ཅིང༌། འདིར་རགས་རིམ་ཙམ་ལས་མ་བྲིས་སོ། །འདི་ན་འཁྲུལ་བ་བཞུགས་པའི་མཚན་ཉིད་རྒན་པོ་དང༌། །དེ་མཚུངས་སྔགས་པ་དཔེ་ལ་བཤེས་གཉེན་བཅོལ་ལས་གཞན། །མཐོང་བརྒྱུད་མི་དགོས་དག་ལ་མཁོ་མིན་འོན་ཀྱང་འདི། །རང་གི་བརྗེད་བྱང་ཙམ་དང་དཔྱད་པའི་རྟེན་ཙམ་དུ། །ཐོས་ལྡན་འཇམ་དབྱངས་བཞད་པའི་རྡོ་རྗེར་འབོད་པས་བྲིས། །

    ༈ གཟུངས་འཇུག་གི་ལག་ལེན་མདོར་བསྡུས་བཞུགས་སོ། །གཟུངས་གཞུག་གི་འཁོར་ལོ་ལ་ཡོངས་གྲགས་སླ་ལ། དགོས་པ་དང་དོན་སོ་སོ་ལ་མན་ངག་ལྟར་བྱས་ལ། ཡང་སྦྱོར་བ་སོགས་བྱེད་པར་བཞེད་པས་གནོད་སྦྱིན་འཁོར་ལོ་དང་ཚོགས་བདག་འཁོར་ལོ་སོགས་བྲི། སྒྲུབ་ཀྱི་ཚུལ་སོགས་སླ་ཆོས་མ་ཡིན་པར་མན་ངག་ལྟར་བྱས་ལ། ཡང་བགེགས་བསྲུང་བ་སོགས་ལ་གདུགས་དཀར་གྱི་འཁོར་ལོའམ། གཙུག་ཏོར་འཁོར་བསྒྱུར་གྱི་འཁོར་ལོའམ། མ་མཱ་ཀིའི་འཁོར་ལོའམ། གསང་འདུས་ནས་བཤད་པའི་འཁོར་ལོ་ཅི་རིགས་དང༌། ཆོས་དང་བཤད་སྒྲུབ་ཐོས་རྩོད་སོགས་འཕེལ་འདོད་ན། གོས་དཀར་མོའི་འཁོར་ལོ་དང༌། འཇམ་དབྱངས་ཤེས་རབ་འཁོར་ལོ་སོགས་སྐབས་དང་བསྟུན། རྡོ་རྗེ་སློབ་དཔོན་མན་ངག་དང་ལྡན་པ་ཅིག་གིས་བྲི་སྒྲུབ་རྣམས་རང་བཟོ་མ་ཡིན་པར་ནན་ཏན་བྱས་ན་བཤད་པ་ལྟར་གྱི་ཕན་ཡོན་འབྱུང་བས་གལ་ཆེ། གཟུངས་གཞུག་གི་རིམ་པ་ནི། སྐུའི་གཙུག་ཏོར་གྱི་ནང་དུ་འཕེལ་གདུང༌། རིག་པ་ཆེན་མོའི་གཟུངས་གཙུག་ཏོར་རིགས་ཀྱི་ལྷ་དག་གི་གཟུངས། བླ་མའི་སྐུའི་རིགས་དང༌། བླ་གཟུངས། མགྲིན་པར་ཨ་ལི་ཀ་ལི་དང༌། འབྱོར་ན་བླ་མ་ལྟ་བུའི་ཕྱག་ཕྲེང་སོགས་གསུང་གི་རྟེན་འཇོག་པ་མཐོང༌། དེ་ནས་ཡས་རིམ་ནས་སྐུ་སྟོད་ཀྱི་ཆ་ལ་བླ་མེད་ཀྱི་སྐོར། དེའི་འོག་ཏུ་རྣལ་འབྱོར་རྒྱུད། དེའི་འོག་ཏུ་སྤྱོད་རྒྱུད། དེའི་འོག་ཏུ་བྱ་རྒྱུད། པུས་མོ་གཉིས་སོགས་ཀྱི་ཐད་དུ་སྡེ་སྣོད་གསུམ་དང༌། ནོར་ལྷ། བཀྲ་ཤིས་པའི་ཚིགས་བཅད་སོགས་པད་གདན་ཡན་ཆད་ལ་འཇོག །པད་གདན་གྱི་ནང་དུ་གཏེར་འཁོར་ལོ་དང་བཅས་པ། དེ་ཡང་ཐུགས་ཀའི་ཐད་དུ་རྡོ་རྗེ་དང༌། རང་གི་ལྷག་པའི་ལྷ་གང་ཡིན་པ་དེའི་སྐུ་དང༌། གཟུངས་སྔགས་སྤེལ་ཚིག་དང་བཅས་པ་འཇོག་ཅིང༌། གསོན་གཤིན་སྐབས་ཐོབ་ཀྱི་དོན་དང་སྦྱར་བའི་སྤེལ་ཚིག་སྦྱོར་གྲུབ་ན་རབ། ལྟེ་འོག་གི་ཐད་དུ་རང་གི་ཆོས་སྐྱོང་གཙོ་བོའི་སྐུ་དང་དམ་རྫས་ཕྱི་ནང་གསང་བའི་རྟེན་གཟུངས་སྤེལ་ཚིག་དང་བཅས་པ་འཇོག་ལ། ཆོས་སྐྱོང་གི་སྐུའི་རིགས་ལ་འཇོག་ཚུལ་ཟུར་བའང་སྣང༌། གཟུངས་དེ་དག་ཐམས་ཅད་ཀྱང་དབུ་ནང་དུ་བཅུག་སྟེ་དྲིལ་ལུགས་དམ་པ་ན་བཟའ་ཐུམ་སེར་པོ་གསོལ་ཞིང་སྐུད་པས་དམ་དུ་དཀྲིས། གཟུངས་གཞུག་པའི་ཚེ་ན་བཀྲ་ཤིས་པའི་ཚིག་དང༌། དྷ་རྨ་དྷ་ཏུ་གརྦྷེ་སྭཱཧཱ་ཞེས་འདོན་བཞིན་པས་གཞུག །གསུང་རབ་ཀྱི་གླེགས་བམ་གྱི་ཉིན་ལོགས་ཀྱི་ཡི་གེའི་མགོ་རྒྱབ་ངོས་ལ་བསྟན། སུག་པ་མདུན་ངོས་ལ་བསྟན་ནས་འཇོག །གཟུངས་འཇུག་སྒྲུབ་ཟིན་པ་དང་རབ་གནས་བསྡུས་པ་བྱ། སླར་རྒྱས་པ་བྱ། རབ་གནས་ཡང་ཡང་བྱས་ན་ཡུལ་ཕྱོགས་སུ་བཀྲ་ཤིས་ཤིང་བཟང་བར་བཤད། གཟུངས་གཞུག་ལག་ལེན་མདོར་བསྡུས་འཇམ་དབྱངས་བཞད་པའི་རྡོ་རྗེས་སྦྱར། འདི་ད་དུང་ཕྱི་མོ་དག་པ་དང་གཏུགས་ན་ལེགས།

 

                                                                                                                                   རྩོམ་སྒྲིག་པ། མང་ར་བ།

                  གསལ་འདེབས།

                             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                             དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།