།མཆོད་རྟེན་བརྒྱད་ཀྱི་ཐིག་རྩ་མདོར་བསྡུས་པ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-10 20:29:26     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

21593640619325248.jpg 

           ན་མོ་གུ་རུ་བཛྲ་ས་ཏྭ་ཡ། སྲིད་གསུམ་འགྲོ་བའི་དེད་དཔོན་ཐུབ་དབང་གི །ཐབས་མཁས་མཛད་པས་མཐོང་ཐོས་དྲན་རེག་རྣམས། །སྐུ་གསུམ་ནོར་བུའི་གླིང་དུ་འཁྲིད་མཛད་པས། །རྒྱལ་དབང་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །ཀུན་ཁྱབ་ཆོས་སྐུའི་ལྷ་ལམ་ཡངས་པ་ནས། །རླབས་ཆེན་སྤྱོད་པའི་འོད་དཀར་དྲ་བ་ཅན། །སྙིང་སྟོབས་ཤར་རིའི་ཕྲག་པར་གར་བྱས་པས། །བསྐལ་བཟང་ཕན་བདེའི་ཀུན་ད་རྒོད་པར་འཚལ། །དེ་ལ་འདིར། འཇམ་དཔལ་རྩ་རྒྱུད་ལས། སྐུ་གཟུགས་མཆོད་རྟེན་དག་ཀྱང་བྱ། །ཞེས་པ་ནས། མཐར་གྱིས་བྱང་ཆུབ་གཞོལ་བར་འགྱུར། །ཞེས་པའི་བར་གསུངས་པ་ལྟར། དེས་ན་མཆོད་རྟེན་བཞེངས་ཚུལ་མདོར་བསྡུས་ནས། གང་ཚེ་གང་གིས་གང་དུ་བཞེངས་པ་དང༌། །དེ་དག་རྣམ་དབྱེ་ཆ་ཚང་ཅུང་ཟད་བཤད། །བདེ་གཤེགས་མཛད་ཆེན་བརྒྱད་ཀྱི་དུས་བཞེངས་པས། །མཆོད་རྟེན་བརྒྱད་ཅེས་ཟེར་གྱི་བླུན་པོ་དག །སྐུ་གདུང་ཆ་བརྒྱད་དུར་ཁྲོད་བརྒྱད་སོགས་ལ། །གྲངས་འགྲིག་པ་ལས་ཡིད་བརྟན་མི་སྣང་ངོ༌། །འདིར་ནི་བྱང་ཆུབ་མཆོད་རྟེན་ཆ་ཚད་ཀྱིས། །གཞན་བདུན་ཤེས་ཏེ་བྱང་ཆུབ་མཆོད་རྟེན་ནི། །མ་གྷ་དྷ་རུ་ཤུན་ཙི་ཏ་ཡིས་བཞེངས། །སེང་ཁྲི་དང་བཅས་ཚད་ལ་ཆ་ཆེན་ནི། །བཅུ་དྲུག་དཔངས་དང་རྒྱར་ནི་ཕྱེད་བཅུ་གཅིག །ཆ་ཆེན་བཞི་ཆ་ཆ་ཆུང་ཚད་ཀྱིས་གཞལ། །ས་འཛིན་ཕྱོགས་རེར་ཉིར་གཅིག་དཔངས་ལ་གསུམ། །ཐེམས་གསུམ་དཔངས་ལ་ཆ་རེ་རྒྱ་ཚད་ནི། །མས་རིམ་སོ་བརྒྱད་སོ་བཞི་སུམ་ཅུ་ཡིན། །གདོང་ཆེན་རྒྱར་ནི་ཉེར་དྲུག་དཔངས་ཆ་དྲུག །གཟུངས་སྣམ་པང་ཆུང་བ་གམ་གསུམ་གཡས་གཡོན། །ཆ་རེ་འཕེལ་བས་སྟེང་རྒྱས་འོག་མ་གཉིས། །དཔངས་ལ་ཆ་རེ་བ་གམ་དཔངས་ཆ་གཉིས། །སེང་ཁྲིའི་ཚད་ཡིན་དེ་སྟེང་རྨང་དགེའི་རྒྱར། །གཡས་གཡོན་བསྡོམས་པས་ཉེར་ལྔ་དཔངས་སུ་གཅིག །བང་རིམ་བཞི་ལ་ཉེར་བཞི་ཉེར་གཉིས་དང༌། །ཉི་ཤུ་བཅོ་བརྒྱད་རྒྱར་ཡིན་དཔངས་གཉིས་གཉིས། །བུམ་སྟན་དཔངས་སུ་གཅིག་དང་རྒྱར་བཅུ་བདུན། །བུ་དཔངས་ཆ་ཆེན་གསུམ་དང་ཡར་འཕེལ་བས། །སྟོད་དུ་ཆ་ཆུང་དགུ་པའི་ཐད་རྒྱའི་ཚད། །ཉི་ཤུ་དེ་སྟེང་གསུམ་དང་གསུམ་ཆ་གཅིག །པགས་ཀྱིས་ཟླུམ་པོའི་རྩ་བའི་རྒྱ་དང་མཉམ། །བྲེ་སྟན་གཅིག་དཔངས་དཀྱུས་བཞིར་མཐའ་གཉིས་སུ། །བག་ཙམ་བཅུ་ཆ་རེ་རེ་དོར་བར་བྱ། །བྲེ་དཔངས་གཅིག་དང་གསུམ་གཉིས་རྒྱ་ཕྱེད་ལྔ། །བྲེ་རྩེ་བང་རིམ་བར་ལ་ཆུ་ཞེང་གབ། །གདུགས་འདེགས་པད་རྩར་གཉིས་དང་སྟེང་རྒྱར་བཞི། །དེ་དཔངས་གཅིག་དང་བཅུ་དྲུག་ཆོས་འཁོར་དཔངས། །དེ་ཉིད་བཅུ་གསུམ་ཆར་བགོས་རེ་རེ་ཡང༌། །སུམ་གཉིས་གདུགས་དང་ཆ་གཅིག་འཁོར་ལོ་ཡིན། །འཁོར་ལོ་དང་པོའི་རྒྱར་ནི་ཆ་ཆུང་དྲུག །དེ་ཡི་རྩེ་ནི་ཐིག་གིས་ལེགས་དྲངས་པའི། །བཅུ་གསུམ་འཁོར་ལོ་ཆ་ཆུང་གཅིག་རྩེར་དྲངས། །འོག་གི་གདུགས་རྒྱར་ཆ་ཆུང་བདུན་རྩེ་ནས། །བཅུ་གསུམ་གདུགས་རྒྱར་ཆ་ཆུང་གཅིག་རྩེར་དྲངས། །བྱིན་གྱིས་ཕྲ་བ་དབྱིབས་ལེགས་མཛེས་པའི་སྟེང༌། །ཐུགས་རྗེའི་རྩ་བ་གཅིག་དང་སྟེང་ཕྱེད་གཉིས། །གཅིག་ཐུགས་རྗེ་མདོ་གཟུངས་དེ་སྨད་ཟླུམ་པོ་ལ། སྟོད་འདབ་མ་ལ་རིགས་ལྔའི་ཕྱག་མཚན་དགོང་ཟེར་བའང་འདུག་དཔངས་སྟོད་ཆ་བཅུ་དྲུག་ཨུཏྤལ་དབྱིབས། །གདུགས་རྒྱ་འཁོར་ལོ་བདུན་པའི་ཚད་མཉམ་ལ། །འཕྱང་བའི་ཟར་ཚགས་བྲེ་མཉམ་ཁ་ཕྱིར་གཡེལ། །གདུགས་དང་གདུགས་ཁེབས་ཆ་ཆུང་གཅིག་གིས་དཔངས། །གདུགས་ཁེབས་དྲུག་པའི་རྒྱ་མཉམ་སྟེང་ཕྱིར་རྒྱས། །ཟླ་ཚེས་ཆ་ཆུང་གཅིག་དང་ཉི་མ་གཉིས། །དཔལ་འབྲས་དབྱིབས་ལྟའི་ཏོག་ནི་ཆ་ཕྲན་གཅིག །དེ་བཞིན་མཆོད་རྟེན་གཞན་བདུན་ཤེས་པར་བྱ། །པད་སྤུངས་སེར་སྐྱར་ཟས་གཙང་རྒྱལ་པོས་བཞེངས། །དེ་ནི་བང་རིམ་བཞི་ཟླུམ་པད་རིས་ཅན། །ཚངས་བྱིན་ཝ་ར་ན་སེར་སྒོ་མང་བཞེངས། །བང་རིམ་གསུམ་ཆའི་གློ་འབུར་སྒོ་མང་བྱ། །གསལ་རྒྱལ་མཉན་ཡོད་གནས་སུ་ཆོ་འཕྲུལ་བཞེངས། །བང་རིམ་རང་རང་གསུམ་ཆའི་གློ་འབུར་ཅན། །གསལ་ལྡན་ཨིན་དྲ་ཝརྨིས་ལྷ་བབས་བཞེངས། །གསུམ་ཆའི་གློ་འབུར་ཅན་ལ་སྐས་གསུམ་བསྒྲིགས། །དབྱེན་ཟླུམ་འོད་མའི་ཚལ་དུ་གྱད་བུས་བཞེངས། །བང་རིམ་བཞི་ཟུར་བཅད་པའི་ལོགས་བརྒྱད་མཉམ། །ལི་ཙིས་རྣམ་རྒྱལ་ཡངས་པ་ཅན་དུ་བཞེངས། །བར་རིམ་བཞི་པོ་སུམ་དྲིལ་ཟླུམ་པོའམ། །ཡང་ན་བང་རིམ་གཅིག་དོར་གསུམ་ཟླུམ་བྱ། །མྱང་འདས་རྩྭ་མཆོག་གྲོང་དུ་མ་སྐྱེས་དགྲས། །བཞེངས་པའི་བང་རིམ་གོ་བ་ཟླུམ་པོའམ། །ཡང་ན་རྨང་དགེར་བུམ་གདན་བཞག་པར་བྱ། །བུམ་སྒོའི་གསལ་ཁ་མེད་ཀྱང་བྱས་ན་མཛེས། །བང་རིམ་བཞི་པོའི་ཤར་དང་ལྷོར་གསལ་ཁུང༌། །དེ་ཡི་བརྒྱད་ཆས་བྱེད་ཅིང་དེ་སྟེང་ནས། །སྲོག་ཤིང་འཛུགས་པ་ཉི་ཟླའི་བར་དུའོ། །ཏོག་སེར་ཉི་དམར་ཟླ་བ་གདུགས་ཁེབས་དཀར། །གདུགས་སྔོ་ཐུགས་རྗེའི་སུལ་དང་སྲོག་ཤིང་དམར། །ཤེས་བཅུ་དགེ་བཅུ་སེར་པོ་མཆོད་རྟེན་དཀར། །རྨང་རྟེན་ལྗང་གུར་ལྷན་སྐྱེས་རོལ་བས་བཞེད། །གདུགས་ལས་སྤེལ་ཚིག་མེ་ཏོག་འཕྲེང་བ་བཞི། །ཟུར་བཞི་དྲངས་ཤིང་སེང་བཞི་བྱས་ལ་བཏགས། །བདེ་གཤེགས་མཆོད་རྟེན་མཚོན་དོན་ཕན་ཡོན་ཡང༌། །གྲུ་བཞིས་སྤངས་རྟོགས་མཐར་ནི་ཕྱིན་པ་མཚོན། །ཞེས་པ་ནས། སྐྱེ་དགུའི་རེ་སྐོངས་མཐར་ཕྱིན་ཏོག་གིས་མཚོན། །ཞེས་པའི་བར་གསུངས་པ་ལྟར། འཇིམ་པའི་རྡུལ་གྲངས་འཁོར་བསྒྱུར་བྱང་ཆུབ་འགྲུབ། །འོད་ཅན་མྱ་ངན་མེད་དང་འདུན་པ་ལོག །གཙུག་ཕུད་ངུར་སྨྲིག་བླངས་པའི་མཆོད་རྟེན་སོགས། །བདེ་གཤེགས་མཆོད་རྟེན་དེ་བཞིན་གཞན་ཡང་མང༌། །ཆར་ཁེབས་མེད་པ་རང་རྒྱལ་བསེ་རུ་དང༌། །གདུགས་བདུན་རང་རྒྱལ་གཞན་དང་ཉན་ཐོས་ལ། །དགྲ་བཅོམ་གདུགས་ལྔ་ཕྱིར་མི་འོང་ལ་གསུམ། །ཕྱིར་འོང་གཉིས་དང་རྒྱུན་ཞུགས་གཅིག་ཅེས་གསུངས། །གཞན་ཡང་དགྲ་བཅོམ་བྷ་ག་ལྷས་གསུངས་ལས། །ཚོགས་སྤྱོད་དགྲ་བཅོམ་གཞན་ལ་གདུགས་ལྔ་དང༌། །ཕྱིར་མི་འོང་བཞི་ཕྱིར་འོང་གདུགས་གསུམ་དང༌། །རྒྱུན་ཞུགས་བཞི་ཞེས་འདུལ་བ་ལུང་ལས་གསུངས། །ཞེས་སོ། །ཞིབ་ཏུ་ཡང༌། འདུལ་བ་ལུང་རྗེས་འབྲངས་དང༌། དུས་འཁོར་དང༌། བྱ་རྒྱུད་གཙུག་ཏོར་དྲི་མེད་ཀྱི་འགྲེལ་བ་དང་བཅས་པ། ཀླུ་སྒྲུབ་ཀྱི་མཆོད་རྟེན་གྱི་རྟོག་པ་དང༌། གཞན་ཡང་རྟོག་པ་ཞིབ་མོ་སོགས་དང༌། མཁས་གྲུབ་བུ་སྟོན་རིན་པོ་ཆེས་གསུངས་པ་སོགས་ལས་ཤེས་པར་བྱའོ། །མཆོད་རྟེན་བརྒྱད་ཀྱི་ཐིག་གི་རྣམ་བཞག་མདོར་བསྡུས་འདི་ནི། ྋའཇམ་དབྱངས་བཞད་པའི་རྡོ་རྗེས་བཀྲ་ཤིས་པའི་གནས་སུ་བྲིས་པའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོའི་སྣང་བ་ལྟར་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །

   ༈ ཨོཾ་སྭ་སྟི་སིདྡྷི་རསྟུ། འཕགས་པ་དགེ་འདུན་འཕེལ་གྱིས་གསུངས་པ་ལྟར། །མཆོད་རྟེན་བརྒྱད་ནི་རྣམ་པ་གཉིས་ཡོད་དེ། །ཐུབ་པའི་མཆོད་རྟེན་ཆེན་པོ་བརྒྱད་དང་ནི། །མྱ་ངན་འདས་རྗེས་རིང་བསྲེལ་མཆོད་རྟེན་བརྒྱད། །སེར་སྐྱ་ལུམྤིའི་ཚལ་དུ་མཆོད་རྟེན་གཅིག །ནེ་རཉྫ་འགྲམ་རྡོ་རྗེའི་གདན་ཉིད་དུ། །མངོན་པར་བྱང་ཆུབ་བརྙེས་པའི་མཆོད་རྟེན་དང༌། །རྒྱལ་པོའི་ཁབ་ཏུ་བདུད་དམག་འབུམ་ཕྲག་ནི། །བཅོ་བརྒྱད་བཏུལ་བའི་མཆོད་རྟེན་ཆེན་པོ་དང༌། །མངོན་བྱང་ཆུབ་ཚེ་ཚངས་པས་ཆོས་འཁོར་ལོ། །བསྐོར་བར་གསོལ་བཏབ་ས་རུ་མཆོད་རྟེན་གཅིག །ཀ་ཤི་ཝ་ར་ན་སི་རི་དྭགས་ཀྱི། །ནགས་སུ་ཆོས་འཁོར་བསྐོར་བའི་མཆོད་རྟེན་དང༌། །མཉན་ཡོད་གྲོང་ཁྱེར་དགུ་བཅུ་རྩ་དྲུག་གི །མུ་སྟེགས་ཕམ་མཛད་ཆོ་འཕྲུལ་མཆོད་རྟེན་ཆེ། །ཀ་ཤིའི་ཡུལ་དུ་སུམ་ཅུ་རྩ་གསུམ་གྱི། །ལྷ་ལས་བབས་པའི་མཆོད་རྟེན་ཆེན་པོ་དང༌། །གྱད་ཡུལ་རྩྭ་མཆོག་གྲོང་དུ་ཤིང་ས་ལ། །ཟུང་གི་དྲུང་དུ་མྱང་འདས་མཆོད་རྟེན་ནོ། །ཐུབ་པ་གཤེགས་པའི་རིང་བསྲེལ་མཆོད་རྟེན་ཡང༌། །ར་མ་གསུམ་མ་ཀ་ཡུལ་མཆོད་རྟེན་གཅིག །ས་ལའི་ཡུལ་དུ་རིང་བསྲེལ་མཆོད་རྟེན་ཆེ། །རྩྭ་མཆོག་གྱད་ཡུལ་རིང་བསྲེལ་མཆོད་རྟེན་དང༌། །ཡངས་པ་ཅན་དུ་རིང་བསྲེལ་མཆོད་རྟེན་དང༌། །ཙན་ཙ་ཀ་ལྔར་རིང་བསྲེལ་མཆོད་རྟེན་གཅིག །བིཥྞ་དྲི་བར་རིང་བསྲེལ་མཆོད་རྟེན་གཅིག །སེར་སྐྱའི་ཡུལ་དུ་རིང་བསྲེལ་མཆོད་རྟེན་གཅིག །རྒྱལ་པོའི་ཁབ་ཏུ་རིང་བསྲེལ་མཆོད་རྟེན་ཏེ། །ཡུལ་ཆེན་བརྒྱད་དུ་རིང་བསྲེལ་ལ་བརྟེན་པའི། །མཆོད་རྟེན་ཆེན་པོ་བརྒྱད་བཞུགས་དགྲ་བཅོམ་པ། །དགེ་འདུན་འཕེལ་གྱིས་གསུངས་པས་ལེགས་པར་གོ །ལི་ཡུལ་ལུང་བསྟན་པའི་མདོ་ནང་བཞིན་དུ་མཆོད་རྟེན་བརྒྱད་དང་རིང་བསྲེལ་མཆོད་རྟེན་བརྒྱད་དང་གཉིས་ཡུལ་སོ་སོར་ཡོད་ཚུལ་ཚིགས་སུ་བཅད་པ་དགེ་ལེགས་འཕེལ། འདི་ཡང་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ྋའཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའོ།། །

 

                                                                                                                                      རྩོམ་སྒྲིག་པ། མང་ར་བ།

                      གསལ་འདེབས།

                             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                             དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།