སྐྱེས་མཆོག་ཤེལ་བྲག་པ་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-10-04 17:39:31     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།    ཀློག་ཐེངས།  

 

IMG_4172.JPG

 

དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནི། །སྙིགས་དུས་གདུལ་བྱའི་བསོད་ནམས་ཞིང་མཆོག་ཏུ། །བཤེས་གཉེན་དམ་པའི་གཟུགས་ཀྱིས་རྣམ་རོལ་བ། །རྗེ་བཙུན་བླ་མ་མཆོག་ལ་གསོལ་བ་འདེབས། །རྣམ་དག་ཚུལ་ཁྲིམས་གཙང་མས་གཞི་བཟུང་ནས། །བློ་གྲོས་མཆོག་གིས་སྒྲོ་འདོགས་ཀུན་བཅད་དེ། །སྒྲུབ་པའི་རྒྱལ་མཚན་འཛིན་ལ་ཟླ་བྲལ་བ། །གྲུབ་པའི་དབང་ཕྱུག་ཁྱོད་ལ་གསོལ་བ་འདེབས། །རྒྱལ་བའི་དབང་པོ་པདྨ་འབྱུང་གནས་ཀྱི། །གྲུབ་པའི་གནས་མཆོག་རིན་ཅེན་རི་བོའི་ངོས། །གྲངས་མེད་ཏིང་འཛིན་ལ་རོལ་གྲུབ་པའི་ཚོགས། །སྤེལ་མཛད་འཕྲིན་ལས་མཆོག་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དབང་ཐུགས་(༧༥ན)བཅུད་བདུད་རྩིའི་རྒྱན། །གྲུབ་པའི་དབང་ཕྱུག་དུ་མས་བགྲོད་པའི་ལམ། །སྐལ་ལྡན་འགྲོ་ལ་འདོད་དགུར་སྩོལ་མཛད་པ། །ཡོངས་འཛིན་དམ་པའི་ཞབས་ལ་གསོལ་བ་འདེབས། །མཁས་གྲུབ་བླ་མ་མང་པོའི་ཞབས་བསྟེན་ནས། །བོད་ཡུལ་སྒྲུབ་རྒྱུད་དམ་པའི་སྲོལ་ཀུན་ལ། །མཁྱེན་པའི་སྤྱན་ཡངས་སྒྲུབ་པ་སྙིང་པོར་མཛད། །བསྔགས་འོས་དམ་པའི་མགོན་ལ་གསོལ་བ་འདེབས། །ཕྱོགས་འདིར་གདུལ་བྱ་རྣམས་ཀྱི་དོན་མཛད་ནས། །ཕུན་ཚོགས་དག་པའི་ཞིང་དུ་གཤེགས་གྱུར་ཀྱང་། །ལྷུན་གྲུབ་རྒྱུན་མི་འཆད་པའི་འཕྲིན་ལས་ཀྱིས། །འགྲོ་ལ་ཕན་བདེ་སྩོལ་ལ་གསོལ་བ་འདེབས། །དེ་ལྟར་ཡོངས་འཛིན་དམ་པའི་ཞབས་པད་ལ། །ཅུང་ཟད་བསྟོད་ལས་བྱུང་བའི་བསོད་ནམས་ཀྱིས། །འགྲོ་ཀུན་ཡང་དག་བཤེས་ཀྱི་མགོན་དང་བཅས། །སྐུ་གསུམ་བདེ་ཆེན་གོ་འཕང་ཐོབ་པར་ཤོག །ཅེས་སྐྱེས་མཆོག་ཤེལ་བྲག་པ་ལ་བསྟོད་པའི་འདི་ནི་དེའི་ཐུགས་སྲས་དྲུང་བཟང་རྒྱལ་ཞེས་བྱ་བས་བསྐུལ་ནས་བཙུན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་ཤེལ་བྲག་གི་གཙུག་ལག་ཁང་དུ་བགྱིས་པའོ། །མངྒ་ལཾ།། །།


                                          རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
     གསལ་འདེབས།
         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
         དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།