ལས་ཆེན་ཀུན་རྒྱལ་བ་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-10-04 12:44:26     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།    ཀློག་ཐེངས།  

 

IMG_4372.JPG

མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཕུལ་བྱུང་མཁྱེན་རབ་ཀུན་དགའི་ཡིད་བཞིན་ནོར། །ཐོས་དང་བསམ་པས་བྱི་དོར་ལེགས་བྱས་ནས། །ཚུལ་བཞིན་སྒྲུབ་པའི་རྒྱལ་མཚན་རྩེར་སོན་པ། །བསྔགས་འོས་བཤེས་གཉེན་མཆོག་ལ་གསོལ་བ་འདེབས། །གཞོན་ནུའི་དུས་ནས་སྔོན་བསགས་ལས་དཀར་གྱིས། །བསྟན་པའི་སྒོར་ཞུགས་བླ་མ་མང་བསྟེན་ནས། །ཤཱཀྱའི་བསྟན་ལ་མང་དུ་ཐོས་པ་ཡི། །ཕ་རོལ་སོན་པ་ཁྱོད་ལ་གསོལ་བ་འདེབས། །རྒྱ་ཆེན་བཤད་པའི་འོད་ཟེར་སྟོང་འཕྲོ་ཞིང་། །རྩོད་པའི་ཚ་ཟེར་ལོག་ལྟའི་ཚང་ཚིང་སྲེག །སྙན་ངག་འདབ་བརྒྱ་སར་པས་ཐུབ་བསྟན་གྱི། །ནགས་ཚལ་ཉིན་བཞིན་འགེངས་ལ་གསོལ་བ་འདེབས། །ཁྱད་པར་དཔལ་ལྡན་མར་མེ་མཛད་དཔལ་གྱི། །གདམས་པའི་ཆུ་ཀླུང་བགྲང་ཡས་ཇི་སྙེད་པ། །གང་བློ་གཏིང་མཐའ་མེད་པར་ངལ་གསོ་བ། །ལྷ་ཆོས་བདུན་ལྡན་ཁྱེད་ལ་གསོལ་བ་འདེབས། །ཚེ་འདིའི་ཆོས་བརྒྱད་གློག་གི་ཟློས་གར་དང་། །སྦྲུལ་གདུག་ཆགས་པའི་ཚང་ཚིང་ལྟར་དགོངས་ནས་(༧༣བ)དབེན་པའི་གནས་སུ་རི་ཡི་དབང་པོ་ལྟར། །སྒྲུབ་པ་ལྷུར་མཛད་ཁྱེད་ལ་གསོལ་བ་འདེབས། །གཞན་དོན་དགོངས་ཚེ་ཀུན་གསལ་བུ་མོ་ནི། །དྲི་བྲལ་འཕྲོག་བྱེད་གོས་ཀྱི་དྲ་བ་ཅན། །མནྡྷ་ར་ཡི་དབུ་བ་རབ་གསལ་བ། །ངོ་མཚར་རྨད་དུ་བྱུང་ལ་གསོལ་བ་འདེབས། །དེ་ལྟར་བསྔགས་འོས་དམ་པའི་ཡོན་ཏན་རྣམས། །ཆ་ཙམ་བརྗོད་ལས་ཐོབ་པའི་རྣམ་དཀར་གྱིས། །འགྲོ་བ་ཀུན་ཀྱང་ཚེ་རབས་ཐམས་ཅད་དུ། །བླ་མ་དམ་པས་དགྱེས་བཞིན་འཛིན་གྱུར་ཅིག །ཅེས་ལས་ཆེན་ཀུན་རྒྱལ་བ་ལ་བསྟོད་པ་འདི་ཡང་དེ་ཉིད་ཀྱི་ཞལ་སློབ་འགས་བསྐུལ་ནས་དགེ་འདུན་རྒྱ་མཚོའི་དཔལ་གྱིས་སྨྲས་པའོ།། །།

                                                                        རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
       གསལ་འདེབས།
         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
           དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།