ཆོས་སྨྲ་བ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-10-04 12:40:22     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།    ཀློག་ཐེངས།  

 

微信图片_20171004120824.jpg

 སྭ་སྟི་པྲ་ཛ་བྷྱཿ གཞུང་ལུགས་བྱ་བའི་ཆུ་ཁུར་འཛིན་པ་ཅན། །མཁྱེན་རབ་དབྱར་སྐྱེས་རོལ་པའི་ཁང་བཟང་ནས། །ཡན་ལག་བརྒྱད་ལྡན་ལེགས་བཤད་ཆུ་ཆར་གྱིས། །སྐལ་བཟང་ཚིམ་པར་མཛད་པ་དེ་ལ་འདུད། །གསུང་རབ་ཀུན་གསལ་ངོས་ལས་ལེགས་འོངས་པའི། །དངོས་སྟོབས་རིགས་པའི་ཉིན་བྱེད་དབང་པོའི་ཟེར། །ལོག་སྨྲ་འབྱུང་པོའི་བྱ་ཡིས་མི་བཟོད་པ། །ཕྱོགས་ལས་རྣམ་པར་རྒྱལ་བ་དེ་ལ་འདུད། །ལེགས་པར་བཤད་པའི་ཚོན་རིས་འབུམ་ལྡན་པ། །མདོ་སྔགས་གཞུང་ལུགས་འཇའ་ཚོན་དྲ་བ་ཡིས། །ཐུགས་ཀྱི་ཤེལ་བུམ་མིག་གི་བདུད་རྩིར་བྱས། །ལོག་རྟོག་དྲི་མས་མ་གོས་ཁྱོད་ལ་འདུད། །རྒྱུད་སྡེ་བཞི་ཡི་རལ་ཁུར་ཅི་ཡང་འཛིན། །རིམ་གཉིས་མི་བཟད་སྡེར་ཁྱིམ་འབར་བ་ཡིས། །སྒྲིབ་གཉིས་གཉིས་འཐུང་དབང་པོ་སྲོག་འཕྲོག་པ། །ཐུབ་བསྟན་གངས་རི་སྐྱོང་མཁས་ཁྱོད་ལ་འདུད། ཁྱོད་སྐུ་ཉིན་བྱེད་དབང་པོའི་དཀྱིལ་འཁོར་གྱིས། །འགྲོ་བའི་མིག་གི་ཆུ་སྐྱེས་སྐལ་བཟང་བྱེད། །མཁས་མང་གཙུག་རྒྱན་ཤར་གྱི་རི་བོའི་རྩེར། །ངལ་གསོ་བགྱིད་པ་ཁྱོད་ལ་གསོལ་བ་འདེབས། ཁྱོད་གསུང་སྤྲིན་གྱི་རྔ་སྒྲ་ཐོས་ཙམ་གྱིས། །བློ་གསལ་གཉིས་སྐྱེས་གཙུག་ཕུད་ཅན་གྱི་ཚོགས། །དད་པའི་གཤོག་རྩེ་(༧༢ན)བསྐྱོད་པའི་ཟློས་གར་གྱིས། །ནམ་མཁའི་ཁམས་ཀུན་འགེངས་པར་མཛད་ལ་འདུད། ཁྱོད་ཀྱི་མཁྱེན་རབ་ཡངས་པའི་ཕ་མཐའ་ལ། །ཀུན་གསལ་བུ་མོས་འགྲན་པར་མི་ནུས་པ། །ཤེས་བྱའི་གཟུགས་ཀུན་ཅིག་ཅར་གསལ་བ་ཅན། །མཁྱེན་རབ་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་ལོ། །སྲིད་མཐའི་བར་དུ་ཁྱོད་སྐུའི་དཀྱིལ་འཁོར་ནི། །ནག་ཕྱོགས་སྒྲ་གཅན་གནོད་པས་མི་སྒྲིབ་ཅིང་། །ལེགས་པར་བཤད་པའི་གསུང་གི་ཚ་ཟེར་ནི། །སྐལ་བཟང་བློ་གྲོས་པདྨོའི་གཉེན་གྱུར་ཅིག །དེ་ལྟར་བསྟོད་འདིས་ལན་ཅིག་བསྟོད་བྱེད་པ། །དེ་དག་ཁྱོད་དང་ནམ་ཡང་མི་འབྲལ་ཞིང་། །ངོམས་མེད་གསུང་གི་བདུད་རྩི་འཐུངས་པ་ལས། །དུས་གསུམ་རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག །དགེ་བ་འདི་ཡིས་བསྟན་འཛིན་སྐྱེས་བུ་ཀུན། །སྐུ་ཚེ་རི་དབང་ལྟ་བུར་བརྟན་པ་དང་། །འགྲོ་བ་ཀུན་གྱི་ཕན་བདེའི་སྒོ་གཅིག་པུ། །ཐུབ་བསྟན་དར་རྒྱས་ཡུན་རིང་གནས་གྱུར་ཅིག །ཅེས་ཆོས་སྨྲ་བ་ཆེན་པོ་དཔལ་འབྱོར་བཟང་པོ་ལ་བསྟོད་པ་འདི་དགེ་འདུན་རྒྱ་མཚོའི་དཔལ་གྱིས་སྦྱར་བའོ། །ན་མོ་མཉྫུ་ཤྲི་ཡེ། དཔལ་ལྡན་བློ་གྲོས་བཟང་པོའི་དཀྱིལ་འཁོར་རྒྱས། །རྣམ་མང་ཤེས་བྱའི་མཁའ་ལ་ཐོགས་པ་མེད། །བློ་གསལ་འདབ་བརྒྱའི་དགའ་ཚལ་བཞད་པའི་གཉེན། །བཤེས་གཉེན་ཉིན་མོའི་དབང་ཕྱུག་ཁྱོད་ལ་འདུད། །བློ་བཟང་གསུང་རབ་ཡངས་པའི་ལྷ་ལམ་ངོས། །ལུང་དང་རིགས་པའི་འོད་དཀར་ཕྲེང་བ་ཅན། །བཤེས་གཉེན་རྒྱུ་སྐར་དབུས་ན་ལྷམ་མེ་བ། །སྨྲ་བའི་ཟླ་བ་མཆོག་ལ་གསོལ་བ་འདེབས། །བློ་གྲོས་བཟང་(༧༢བ)པོའི་སྤྱན་གྱིས་གཞུང་བརྒྱའི་དོན། །ལེགས་གཟིགས་ཐོགས་མེད་སྨྲ་བའི་སྤོབས་པ་ཡིས། །འགྲོ་ལ་ལམ་བཟང་སྟོན་མཁས་བཤེས་གཉེན་མཆོག །སྨྲ་བའི་དབང་པོ་ཁྱེད་ལ་གསོལ་བ་འདེབས། །གང་གི་བློ་གྲོས་རིན་ཅེན་བུམ་བཟང་ནས། །དཔལ་ལྡན་ལེགས་བཤད་བདུད་རྩིའི་ཆུ་ཆར་གྱིས། །འགྲོ་བློའི་དྲི་མ་འཁྲུད་མཛད་བཤེས་གཉེན་མཆོག །བསྟན་པ་གསལ་མཛད་ཁྱེད་ལ་གསོལ་བ་འདེབས། །དཔལ་ལྡན་ཆོས་ཀྱི་གྲྭ་འདིར་རྟག་བཞུགས་ནས། །མཐའ་ཡས་བློ་གསལ་གདུལ་བྱའི་ཚོགས་རྣམས་ལ། །ཉིན་བཞིན་སྐལ་བཟང་སྩོལ་བའི་འཕྲིན་ལས་ཀྱི། །དགའ་སྟོན་རྒྱུན་མི་འཆད་པའི་བཀྲ་ཤིས་ཤོག །ཅེས་པ་འདི་དད་ལྡན་གྱི་སློབ་མ་འགའ་ཞིག་དང་། མཆོག་ཏུ་དད་པ་དགེ་འདུན་ཕུན་ཚོགས་ཀྱིས་བསྐུལ་ནས་དགེ་འདུན་རྒྱ་མཚོའི་དཔལ་གྱི་སྦྱར་བའོ། །གང་གི་བློ་གྲོས་འཛིན་མའི་སྣོད་ཡངས་སུ། །གཞུང་ལུགས་ཉལ་འགྲོ་བྱེ་བ་རྟག་འབབ་པ། །ཐོས་པའི་རྒྱ་མཚོ་ལུང་རིགས་རླབས་ཕྲེང་ཅན། །བློ་གསལ་ངང་མོའི་འཇུག་ངོགས་དེ་ལ་འདུད། །བཀྲ་ཤིས་ཁ་བའི་རྡུལ་མང་མཐོར་བརྩེགས་པ། །དཔལ་ལྡན་ཆོས་གྲ་ལྷུན་པོའི་དབང་པོ་དེར། ཁྱོད་ཀྱི་ལུང་དང་རིགས་པའི་གད་རྒྱངས་ཀྱིས། །ཕྱོགས་ལས་རྣམ་པར་རྒྱལ་བ་དེ་ལ་འདུད། །ཕུལ་བྱུང་བློ་གྲོས་གངས་རི་ལས་འོངས་པའི། །ངོ་མཚར་ལེགས་པར་བཤད་པའི་རྒྱ་མཚོ་ཆེ། །བློ་གསལ་གདེངས་ཅན་ཚོགས་ཀྱིས་བསྟེན་འོས་པ། །མཁས་པའི་དབང་པོ་དེ་ལ་སྙིང་ནས་འདུད། །མདོ་སྔགས་(༧༣ན)གཞུང་གི་ཆུ་ཀླུང་མ་ལུས་པ། །གང་དུ་འབབ་པའི་བློ་གྲོས་རྒྱ་མཚོ་ཆེ། །རྨད་བྱུང་ལུང་དང་རིགས་པའི་རླབས་ཕྲེང་ཅན། །བཤེས་གཉེན་དམ་པའི་ཞབས་ལ་ཕྱག་བགྱིད་དོ། །ཅེས་ཆོས་སྨྲ་བ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་བསྟོད་པའི་ཚིགས་སུ་བཅད་པ་འདི་ཡང་དེ་ཉིད་ཀྱི་སློབ་མ་འགས་བསྐུལ་ནས་དགེ་འདུན་རྒྱ་མཚོའི་དཔལ་གྱིས་བཀྲ་ཤིས་ལྷུན་པོར་སྦྱར་བའོ།། །།
                                             རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
གསལ་འདེབས།
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
         དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།