བཤེས་གཉེན་ཆེན་པོ་བསྟན་པའི་རྒྱལ་མཚན་པ་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-10-04 12:34:24     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།    ཀློག་ཐེངས།  

 

微信图片_20171004120834.jpg

 སྭ་སྟི་པྲ་ཛ་བྷྱཿ སྔོན་བསགས་ཚོགས་གཉིས་རིན་ཅེན་ཁམས་ལས་གྲུབ། །སྡེ་བཞིའི་ལུང་གི་བང་རིམ་མངོན་པར་མཐོ། །རྣམ་དག་ཚུལ་ཁྲིམས་ཉི་ཟླའི་སྣང་བས་མཛེས། །འདུལ་འཛིན་ལྷུན་པོའི་དབང་པོ་དེ་ལ་འདུད། །རྒྱལ་བས་བསྔགས་པའི་རྣམ་དག་བསླབ་པ་གསུམ། །རྒྱལ་བའི་བསྟན་པའི་སྙིང་པོར་ཐུགས་ཆུད་ནས། །རྒྱལ་བའི་དགོངས་པ་ཇི་བཞིན་འཛིན་མཁས་པ། །རྒྱལ་བའི་གདུང་འཚོབ་དགེ་བའི་བཤེས་ལ་འདུད། །རྒྱུ་སྐར་ཕྲེང་བའི་དབུས་ན་ཟླ་བ་དང་། །རི་དྭགས་ཁྲོད་ན་གདོང་ལྔའི་དབང་པོ་བཞིན། །ཕྱོགས་འདིར་ངུར་སྨྲིག་འཛིན་པ་ཀུན་གྱི་རྗེ། །ཐུབ་དབང་གཉིས་པ་ཁྱོད་ལ་མགོས་ཕྱག་འཚལ། །འདུལ་བ་འབུམ་སྡེའི་པད་ཚལ་མ་ལུས་པ། །གང་གི་མཁྱེན་པའི་ཟེར་གྱིས་ཁ་ཕྱེ་ནས། །ལེགས་བཤད་སྦྲང་རྩིའི་བཅུད་ཀྱིས་བློ་གསལ་གྱི། །བུང་བ་ཚིམ་པར་མཛད་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་བསླབ་པ་མིག་འབྲས་ལྟར་དགོངས་ཤིང་། །ཉེས་ལྟུང་དྲི་མའི་ཚོགས་ཀུན་རྒྱང་བསྲིངས་པས། །དྲང་སྲོང་འདུལ་བ་འཛིན་པ་ཆེན་པོ་ཞེས། །སྙན་གྲགས་ས་གསུམ་གཡོ་བ་དེ་ལ་འདུད། །དམུ་རྒོད་གདུལ་དཀའི་གླང་ཆེན་མྱོས་པ་ཀུན། །གང་གི་ཐུགས་རྗེའི་ལྕགས་ཀྱུས་ཉེར་བཟུང་སྟེ། །རྣམ་དག་བསླབ་པའི་འཇུག་ངོགས་ཉམས་དགའ་བར། །འཁྲིད་མཛད་དགེ་བའི་བཤེས་ལ་ཕྱག་འཚལ་ལོ། །རྒྱལ་བས་གསུངས་པའི་མདོ་སྔགས་དམ་ཆོས་ཀུན། །ཇི་བཞིན་གཟིགས་ནས་རྒྱལ་བའི་དགོངས་པ་བཞིན། །འཛིན་སྐྱོང་(༧༠ན)སྤེལ་ལ་འགྲན་ཟླ་མ་མཆིས་པའི། །སྙིགས་དུས་བསྟན་པའི་སྲོག་འཛིན་ཁྱོད་ལ་འདུད། ཁྱོད་སྐུའི་ཟླ་ཚེས་ཆོས་གོས་འཚམས་སྤྲིན་གྱིས། །ལེགས་འཁྱུད་ཐུབ་བསྟན་ཀུན་གསལ་མཛེས་པའི་རྒྱན། །རིམ་གཉིས་བདུད་རྩིའི་འོད་ཀྱི་ཁྱོད་ཀྱི་ཐུགས། །སྒྲིབ་གཉིས་མུན་པའི་གོ་སྐབས་བཅོམ་ལ་འདུད། ཁྱོད་ནི་རྣམ་དག་དབང་གིས་རྒྱུད་སྨིན་ཅིང་། །རྒྱུད་དོན་ཀུན་གཟིགས་རིམ་གཉིས་རྣལ་འབྱོར་བརྩོན། །རྡོ་རྗེ་འཛིན་པ་ཞེས་བྱའི་མཚན་འདི་ཉིད། ཁྱོད་ཀྱིས་བདག་གིར་མཛད་ལ་ཕྱག་འཚལ་ལོ། །སོ་སོ་ཐར་དང་བྱང་སེམས་རིག་འཛིན་གྱི། །བསླབ་པའི་གནས་ལས་ནམ་ཡང་མི་འདའ་བར། །ཀུན་མཁྱེན་ཐུབ་པ་གཤེགས་པའི་ལམ་མཆོག་དེར། །ངེས་པར་འབྱུང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཐུགས་མཁྱེན་པའི་ཆུ་འཛིན་ཕྲེང་བ་ལས། །ལེགས་བཤད་བདུད་རྩིའི་གྲུ་ཆར་སྟོང་འབེབས་པས། །སྐྱེ་རྒུའི་འཛིན་མར་ཕན་བདེའི་ལོ་ཐོག་ནི། །ཡོངས་སུ་སྨིན་པར་མཛད་ལ་ཕྱག་འཚལ་ལོ། །རིང་ནས་ཐུགས་རྗེ་ཆེ་ལས་མ་གཡོས་པས། །ཁྱོད་ཐུགས་ཁྲོ་བའི་གོ་སྐབས་ཕྲོགས་གྱུར་ཀྱང་། །བདག་འཛིན་དགྲ་སྡེ་མ་ལུས་འདར་མཛད་པ། །སྔོན་མེད་དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཀུན་དང་དབྱེར་མེད་ཅིང་། །དམ་ཆོས་རིན་ཅེན་མ་ལུས་འབྱུང་བའི་གནས། །རིག་གྲོལ་གཉིས་ལྡན་དགེ་འདུན་ཀུན་གྱི་གཙོ། །བཤེས་གཉེན་བཟང་པོའི་ཞབས་ལ་མགོས་ཕྱག་འཚལ། །དེ་ལྟར་བདག་གིས་(༧༠བ)མགོན་པོ་ཁྱོད་ཀྱི་ཞབས། །བསྟོད་པའི་ཕྲེང་བས་ཅུང་ཟད་བསྔགས་པ་ལས། །རབ་དཀར་དགེ་བའི་ཟླ་བ་འབུམ་ཤར་བས། །འགྲོ་བློའི་མུན་པ་ཕྱོགས་བཅུར་འཕྲོག་གྱུར་ཅིག །བདག་ཀྱང་རྣམ་དག་ཚུལ་ཁྲིམས་ནོར་འཛིན་གཞིར། །ཡོན་ཏན་ལྗོན་ཤིང་ཡོངས་སུ་རྫོགས་བྱས་ནས། །ས་གསུམ་སྐྱེ་རྒུའི་རེ་འདོད་སྐོང་བ་ལ། །ཀུན་མཁྱེན་དཔག་བསམ་དབང་པོ་ཉིད་གྱུར་ཅིག །ཚུལ་ལུགས་འདི་ནི་དགེ་འདུན་རྒྱ་མཚོའི་དཔལ། །བཟང་པོ་ཞེས་བྱའི་སྙན་དངགས་མཁན་དེ་ལ། །བཤེས་གཉེན་བྱམས་པ་རྒྱལ་མཚན་དད་པ་ཡིས། །བསྐུལ་བའི་དོན་དུ་བཀྲ་ཤིས་ལྷུན་པོར་སྨྲས། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཕུལ་དུ་བྱུང་བའི་བློ་གྲོས་གཞལ་མེད་ཁང་། །སྙིང་སྟོབས་ཤེལ་གྱི་བ་གམ་མཐོན་པོ་རྩེར། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་སྒྲེང་མཁས་པ། །བཤེས་གཉེན་བཟང་པོའི་ཞབས་ལ་གསོལ་བ་འདེབས། །འདུལ་བ་འབུམ་སྡེའི་འདབ་མ་རབ་ཏུ་རྒྱས། །རྨད་བྱུང་ཚུལ་ཁྲིམས་སྦྲང་རྩིའི་བཅུད་ཀྱིས་གཏམས། །ཐར་འདོད་རྐང་དྲུག་ལྡན་པའི་ཉེར་འཚོའི་གཞི། །འདུལ་བ་འཛིན་པའི་ཞབས་ལ་གསོལ་བ་འདེབས། །མ་ལུས་རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད། །བློ་བཟང་གསུང་གི་གསང་བ་དྲི་མ་མེད། །ཇི་བཞིན་གཟིགས་ཤིང་གཞན་ལ་ལེགས་འདོམས་པས། །དོན་གཉིས་ཕུན་སུམ་ཚོགས་ལ་གསོལ་བ་འདེབས། །གདུལ་བར་དཀའ་བ་རང་རྒྱུད་ཉོན་མོངས་ཀུན། །ཇི་བཞིན་འདུལ་བའི་ཐབས་མཆོག་བླ་ན་མེད། །བཀའ་གདམས་རིན་ཅེན་ཕྲེང་བས་(༧༡ན)ཁྱོད་ཀྱི་ནི། །མགྲིན་པ་ཡོངས་སུ་མཛེས་ལ་གསོལ་བ་འདེབས། །ཚེ་གཅིག་ཉིད་ལ་རྡོ་རྗེ་འཆང་གི་སར། །ལེགས་པར་འཁྲིད་པའི་རིམ་གཉིས་ཟབ་མོའི་ལམ། །རྒྱུད་དང་གྲུབ་ཆེན་མཁས་པའི་གཞུང་བཞིན་དུ། །ཇི་བཞིན་དགོངས་པ་ཁྱོད་ལ་གསོལ་བ་འདེབས། །སྤྲོས་པའི་སྤྲིན་ཚོགས་ཀུན་ལས་རྣམ་གྲོལ་བའི། ཁྱོད་ཐུགས་དྲི་བྲལ་ཀུན་གསལ་མཛེས་མའི་གདོང་། །རྟེན་འབྲེལ་སྣང་བ་བདེ་སོགས་བདག་པོའི་གཞུས། །མཛེས་པ་རྨད་དུ་བྱུང་ལ་གསོལ་བ་འདེབས། །དེ་ལྟར་བསྟོད་པའི་དགེ་བས་འགྲོ་བ་ཀུན། །འདི་ཕྱིའི་ཕན་བདེ་འབྱུང་བའི་སྒོ་གཅིག་པུ། །ཐེག་མཆོག་བཤེས་གཉེན་དམ་པས་རྗེས་བཟུང་ནས། །རྒྱལ་བའི་གོ་འཕང་མཆོག་ལ་རེག་གྱུར་ཅིག །གོ་འཕང་མཆོག་དེ་མངོན་དུ་མ་གྱུར་པའི། །ཚེ་རབས་ཀུན་དུ་དལ་དང་འབྱོར་པའི་རྟེན། །ལེགས་པར་རྙེད་ནས་རྒྱལ་བའི་གསུང་རབ་ལ། །ཐོས་བསམ་སྒོམ་པས་ཉིན་མཚན་འདའ་བར་ཤོག །འཁོར་བའི་བདེ་ལ་ཞེན་པའི་ཆགས་པ་དང་། །རང་བདེ་འདོད་པའི་བསམ་སྦྱོར་ཀུན་སྤངས་ནས། །འགྲོ་བའི་དོན་དུ་རྒྱལ་སྲས་སྤྱོད་པའི་ཁུར། །མ་ལུས་འཛིན་ལ་ཞུམ་པ་མེད་པར་ཤོག །ཚེ་འདིའི་སྣང་བ་འགགས་པར་གྱུར་མ་ཐག །དགའ་ལྡན་ལྷ་བརྒྱའི་ཕོ་བྲང་ཉམས་དགའ་བར། །ཐོགས་མེད་བགྲོད་ནས་མི་ཕམ་མགོན་པོ་ལས། །བྱང་ཆུབ་ལུང་བསྟན་དམ་པ་ཐོབ་པར་ཤོག །དུས་གསུམ་རྒྱལ་བ་ཀུན་དང་དེ་ཡི་ཡུམ། །རྒྱལ་སྲས་འཕགས་པ་རྣམས་ཀྱི་བྱིན་རླབས་དང་། །རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མ་མཆིས་པའི། །བདེན་པས་སྨོན་པའི་གནས་ཀུན་འགྲུབ་(༧༡བ)པར་ཤོག །ཅེས་བཤེས་གཉེན་ཆེན་པོ་བསྟན་པའི་རྒྱལ་མཚན་པ་ལ་བསྟོད་པ་འདི་ནི་རིགས་གནས་མཐའ་དག་ལ་བྱང་བར་བྱས་པའི་བཤེས་གཉེན་བསམ་གྲུབ་སེང་གེས་བསྐུལ་བའི་ངོར་ཆོས་སྨྲ་བའི་བཙུན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་འོལ་ཁ་སྟག་རྩེའི་ཕོ་བྲང་ཆེན་པོར་སྦྱར་བའོ།། །།

                                                                               རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
     གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
         དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།