ས་སྐྱོང་ཆོས་ཀྱི་རྒྱལ་པོ་ལྷ་དབང་རྒྱ་མཚོ་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-10-04 12:29:36     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

 

微信图片_20171004120824.jpg

མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ལེགས་སྤྱད་འཛིན་མའི་ལྟོ་བར་ཚོགས་གཉིས་ཀྱི། །གྲུ་ཆར་བདུད་རྩིའི་ཐིགས་པས་བྲན་པ་ལས། །ཕུན་ཚོགས་ཡལ་འདབ་བྱམས་བརྩེའི་གྲིབ་བསིལ་ཅན། །རྒྱལ་སྲས་རྒྱལ་པོའི་གཟུགས་ཅན་རྟག་ཏུ་རྒྱལ། །རིགས་མཐོ་ཤར་གྱི་རི་བོའི་གཙུག་ཕུད་ལ། །འོད་དཀར་གཞོན་ནུའི་རོལ་རྩེད་ལྷུརལེན་པ། །ཡོན་ཏན་ཆ་ཤས་རྟག་ཏུ་ཡོངས་གང་བས། །སྐྱེངས་བྱས་ཟླ་བ་ནམ་མཁའི་ནགས་སུ་བྲོས། །མཁྱེན་པའི་སྤྱན་སྟོང་(༦༨བ)ཡངས་པའི་ལྷ་དབང་བཞིན། །བརྩེ་བའི་གཏིང་ཟབ་ཡིད་བཞིན་རྒྱ་མཚོ་བཞིན། །ཐུབ་བསྟན་གྱེན་དུ་འདེགས་པས་ནོར་འཛིན་བཞིན། །སློང་བ་ཀུན་གྱི་རེ་སྐོང་དཔག་བསམ་བཞིན། །གང་གི་སྙན་གྲགས་གུར་གུམ་ཡི་གེའི་ཕྲེང་། །ཉིན་བཞིན་ཕྱོགས་ཀྱི་བུ་མོའི་འགྲམ་པ་ལ། །གྲུབ་རིགས་དགའ་མའི་ལག་པད་དམར་བའི་རྡུལ། །འཕོས་པའི་སྨུག་རྩི་བཞིན་དུ་ཅི་ཡང་མཛེས། །ལུང་རིགས་འོད་ཆགས་མཁའ་ཡི་རྒྱུ་སྐར་ལ། །འཕྱ་བ་གསལ་བྱེད་སྡེ་སྣོད་མུ་ཏིག་ཕྲེང་། །རྨོངས་པའི་མུན་པ་འཕྲོག་སླད་མགོན་ཁྱོད་ཀྱི། །ལེགས་བཤད་གཏེར་གྱུར་མགྲིན་པ་ཅི་ཡང་མཛེས། །ཕྱི་རོལ་ཡན་ལག་བཞི་ཡི་དཔུང་པ་ཡིས། །དབྱིག་གི་བློ་གྲོས་མ་འདིའི་ཁུར་བླངས་ཀྱང་། །ནང་དུ་རིམ་གཉིས་པད་གཞོན་བདུད་རྩི་ལ། །སྦྲང་རྩི་སྤྱོད་པ་བཞིན་དུ་དགྱེས་དགུར་རོལ། །གདོང་ལྔའི་ཁྲི་ལ་ཞབས་བཀོད་ཀ་ལཱ་པར། །དང་པོའི་སངས་རྒྱས་བདུད་རྩིའི་སྤྲོ་བ་ཅན། །རིགས་ལྡན་ཟླ་བ་དེ་དག་ངེད་དུས་སུ། །བརྩེ་བའི་མགྱོགས་འགྲོས་ཕྱོགས་འདིར་འོངས་པ་བཞིན། །ཨིནྡྲནཱི་ལའི་གོས་འཆར་གཏུམ་པོ་ལྟར། །དྲེགས་ལྡན་དྲག་པོ་གསུམ་གྱི་མ་རུངས་ཡིད། །རྣམ་པར་གནོན་པ་ཁྱོད་ཀྱི་བཀའ་ཡི་ཕྲེང་། །དམ་ཅན་རྒྱ་མཚོའི་ཚོགས་ཀྱིའང་སྤྱི་བོར་འཛིན། །ལེགས་སྤྱད་འོད་ཟེར་བྱེ་བ་ཕྲག་བརྒྱ་ཡིས། །ཀུན་ནས་ཁ་ཕྱེ་རྙོག་པ་མེད་པའི་རྡུལ། །ཚངས་དབང་ཟུར་ཕུད་དད་པས་བསྟེན་འོས་པ། །དངོས་གྲུབ་སྦྲང་རྩིའི་གནས་དེར་ཕྱག་འཚལ་ལོ། །གང་ཐུགས་ཤར་རིའི་རྩེ་ལས་ནོར་འཛིན་མ། །ཕན་བདེའི་ཀུ་(༦༩ན)མུད་གོས་ཀྱིས་འགེབས་པ་བཞིན། །གསལ་བར་འོངས་སོ་རྒྱུ་སྐར་རྒྱལ་པོའི་དཔལ། །ནམ་ཡང་ཉམས་པ་མེད་དེར་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པའི་དགེ་བས་ལུས་ཅན་ཀུན། །ཐེག་མཆོག་བཤེས་གཉེན་དེད་དཔོན་མགོན་དང་བཅས། །རྣམ་དག་ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ནས། །ཟབ་ཡངས་རྒྱུད་སྡེའི་རྒྱ་མཚོར་འཇུག་པར་ཤོག །སྐུ་གསུམ་དངོས་སུ་གྲུབ་བྱེད་རྫོགས་རིམ་མཆོག །རྒྱུད་ལ་སྐྱེ་བའི་སྨིན་བྱེད་མཐར་ཐུག་པ། །ཐ་མལ་སྐྱེ་ཤི་བར་དོའི་སྣང་ཞེན་ཀུན། །སྦྱོང་བྱེད་བསྐྱེད་པའི་རིམ་པ་མཐར་ཕྱིན་ཤོག །ཉི་ཟླའི་བགྲོད་པ་སྒྲ་གཅན་གྱིས་བཅོམ་པས། །ཚ་ཟེར་རེག་པས་ཟླ་ཤེལ་བཞུ་བའི་རྒྱུན། །མུན་པའི་ལམ་ནས་བགྲོད་པའི་འགྲོ་ལྡོག་གི །བདེ་སྟོང་ལྷན་ཅིག་སྐྱེས་པ་འགྲུབ་པར་ཤོག །འཁོར་འདས་རྩ་བ་གཉུག་མའི་ལུས་དང་སེམས། །ཆོས་ཀྱི་འཁོར་ལོ་ཆུ་སྐྱེས་ལྟེ་བར་ནི། །རྒྱུ་འཕྲུལ་དྲ་བ་སྐུ་རུ་ཡོངས་རྫོགས་པས། །མ་དག་སྐྱེ་འཆིའི་འཕྲང་ལས་གྲོལ་བར་ཤོག །རྣམ་ཐར་གསུམ་གྱི་ངང་དུ་རོ་གཅིག་པ། །ཚད་མེད་བཞི་ཡི་ངོ་བོ་ལྷན་ཅིག་སྐྱེས། །ཡེ་ཤེས་ལྔ་ཡི་རང་བཞིན་གོམས་པ་ལས། །དྲུག་པ་རྡོ་རྗེ་འཆང་དབང་ཐོབ་པར་ཤོག །ཅེས་ས་སྐྱོང་ཆོས་ཀྱི་རྒྱལ་པོ་ལྷ་དབང་རྒྱ་མཚོ་ལ་བསྟོད་པའི་ཚིགས་སུ་བཅད་པ་འདི་ནི་དེ་ཉིད་ཀྱི་ཆོ་རིགས་དང་ཆོས་ཀྱི་དབོན་སྲས་དམ་པ། སའི་དབང་ཕྱུག་ཆོས་ཀྱི་རྗེ་ནོར་འཛིན་རྒྱལ་པོའི་བཀས་བསྐུལ་བའི་ངོར་ཆོས་སྨྲ་བའི་བཙུན་པ་སྙན་དངགས་མཁན་དགེ་འདུན་རྒྱ་མཚོ་དཔལ་བཟང་(༦༩ན)པོས་ཉེ་བར་སྦྱར་བའོ།། །།

                                                                                རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
     གསལ་འདེབས།
      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

         དྲ་བའི་སྦྲེལ་ཐགhttp://www.tb1025.cn
 
 

བརྒྱུད་འགོད།