ལྷག་པའི་ལྷ་མཆོག་རྣམས་ལ་་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-10-04 12:14:49     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

3860403_095847018605_2.jpg

དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་པའི་མཛོད། །དཔལ་ལྡན་མཁས་པ་དུ་མའི་གཙུག་གི་རྒྱན། །ཉི་མའི་གཉེན་གྱི་རིང་ལུགས་ཤིང་རྟ་ཆེ། །མཁན་ཆེན་སངས་རྒྱས་དཔལ་ལ་ཕྱག་འཚལ་ལོ། །ཤཱཀྱའི་ཏོག་གི་ལུང་རྟོགས་གཞལ་མེད་ཁང་། །ལུང་དང་རིགས་པའི་རྒྱལ་མཚན་མཐོན་པོ་ཅན། །འཕྲིན་ལས་ཆེན་པོས་བསྟན་པ་གསལ་མཛད་པ། །རོང་སྟོན་སྨྲ་བའི་སེང་གེར་ཕྱག་བགྱིད་དོ། །དཔལ་ལྡན་རི་ཁྲོད་ཞབས་ཀྱིས་བྱིན་གྱིས་བརླབས། །ཡེ་ཤེས་སྤྱན་གྱིས་གནས་ལུགས་མངོན་སུམ་གཟིགས། །མཁས་ཤིང་གྲུབ་པ་བརྙེས་པའི་ཆོས་ཀྱི་རྗེ། །དཔལ་ལྡན་སེང་གེའི་ཞབས་ལ་ཕྱག་འཚལ་ལོ། །མཁྱེན་རབ་འཇམ་པའི་དབྱངས་དང་མི་གཉིས་པས། །ལེགས་པའི་ལམ་བཟང་འགྲོ་ལ་གསལ་མཛད་པ། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་འབྱོར་པ་ཅན། །འཇམ་དབྱངས་བླ་མ་མཆོག་ལ་ཕྱག་འཚལ་ལོ། །པད་དཀར་ལྟེ་བར་ཉིན་མོའི་དབང་ཕྱུག་སྟེང་། །ཞབས་སེན་འོད་ཆགས་ཁྲོ་བོའི་དབང་པོ་ནི། །འབུམ་ཕྲག་ཉི་མའི་འོད་ཀྱི་གོས་གྱོན་པའི། །གངས་རིའི་དབང་པོ་དང་མཚུངས་ཁྱོད་ལ་འདུད། །ཕྱག་གཡས་ཤེས་རབ་རལ་གྲིས་བདུད་དཔུང་འཇོམས། །ཕྱག་གཡོན་ཞགས་པས་བགེགས་ཀྱི་ཚོགས་རྣམས་འཆིང་། །དྲན་པ་ཡིས་ཀྱང་མཐའ་དག་འགྲོ་(༦༨ན)འདི་ལ། །བློ་གྲོས་སྣང་བ་མཆོག་སྩོལ་ཁྱོད་ལ་འདུད། །ཀེ་ལ་ཤ་ཡི་ས་འཛིན་ལྟར་བརྗིད་སྐུ། །ཟབ་མོའི་རིག་སྔགས་འབྲུག་ལྟར་སྒྲོག་པའི་གསུང་། །མཁྱེན་བརྩེ་མཐར་ཕྱིན་ཟབ་གསལ་ཡེ་ཤེས་ཐུགས། །ལྷག་པའི་ལྷ་མཆོག་མི་གཡོ་མགོན་ལ་བསྟོད། །ཁྱོད་སྐུ་ཡིད་ལ་དྲན་པའི་ཏིང་འཛིན་དང་། །ཟབ་མོའི་རིག་སྔགས་བཟླས་བརྗོད་ལྷུར་ལེན་པ། །བདག་ལ་མཐའ་ཡས་ཕྱི་ནང་རིགས་གནས་ཀུན། །ཇི་བཞིན་གཟིགས་པའི་ཤེས་རབ་སྩལ་དུ་གསོལ། །ཕྱི་ནང་བདུད་སྡེའི་བར་ཆད་ཚོགས་རྣམས་དང་། །མཚན་མའི་རྣམ་རྟོག་རླུང་གིས་མི་གཡོ་བར། །སྨྲ་བསམ་བརྗོད་བྲལ་ལྷན་སྐྱེས་གདོད་མའི་གཤིས། །མངོན་དུ་གྱུར་པའི་ཡེ་ཤེས་བདག་ལ་སྩོལ། །ཞེས་པ་འདི་ནི་རིག་གནས་མཐའ་དག་གི་དབང་ཕྱུག་དཔལ་རྣམ་པར་གྲོལ་བའི་སྡེས་བསྐུལ་བའི་ངོར་དགེ་འདུན་རྒྱ་མཚོའི་དཔལ་གྱིས་དགའ་ལྡན་ཕོ་བྲང་དུ་སྨྲས་པའོ།། །།

                                                                                                                                                                                                                                                 རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
          གསལ་འདེབས།
     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
               དྲ་བའི་སྦྲེལ་ཐགhttp://www.tb1025.cn
                          

 

བརྒྱུད་འགོད།