སྤྱན་གཡས་མཁན་ཆེན་བཀྲ་ཤིས་ལེགས་པ་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-10-04 12:10:19     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

 

 

微信图片_20171004120815.jpg

བཀྲ་ཤིས་ལེགས་པར་བཤད་པའི་རི་མོ་ཡིས། །རྣམ་པར་བཀྲ་བའི་རྣམ་དཔྱོད་གཞལ་མེད་ཁང་། །ལུང་རྟོགས་ཡོན་ཏན་རིན་ཅེན་འབྱུང་བའི་གནས། །བཤེས་གཉེན་དམ་པའི་ཞབས་ལ་གསོལ་བ་འདེབས། །གཞོན་ནུ་ཉིད་ནས་ཐུབ་བསྟན་སྒོར་ཞུགས་ཤིང་། །མཁས་དང་གྲུབ་པའི་མགོན་གྱིས་རྗེས་བཟུང་སྟེ། །ཚུལ་ཁྲིམས་རྣམ་དག་ཐོས་པའི་ནོར་གྱིས་ཕྱུག །མཁས་པས་བསྔགས་པར་འོས་ལ་གསོལ་བ་འདེབས། །ལུང་དང་རིགས་པའི་རིན་ཅེན་དོ་ཤལ་གྱིས། །མཁས་པའི་དོ་རར་མཛེས་པའི་དཔལ་བརྗིད་པའི། །བཀའ་གདམས་དམ་པའི་གདན་ས་ཆོས་ཀྱི་ཁྲིར། །རབ་མཛེས་སྣང་བའི་ཁྱུ་མཆོག་ཁྱོད་ཕྱག་འཚལ། །བློ་གྲོས་མཁའ་ལྟར་ཡངས་པའི་འཇམ་དབྱངས་དང་། །གཞན་ཕན་ཐུགས་རྗེའི་གཏེར་གྱུར་སྤྱན་རས་གཟིགས། །ནག་ཕྱོགས་འཇོམས་ལ་རྡོ་རྗེ་འཛིན་ལྟ་བུ། །བསྔགས་པར་འོས་པའི་མཆོག་ལ་གསོལ་བ་འདེབས། །རྒྱལ་བའི་ཡུམ་གྱུར་རྗེ་བཙུན་ཨུཏྤལ་ཅན། །གཟི་ལྡན་དབང་ཕྱུག་ལ་སོགས་བསྟན་སྲུང་གིས། །མགོན་དེའི་སྐུ་ཚེ་རི་དབང་ལྟར་བརྟན་ཅིང་། །འཕྲིན་(༦༧བ)ལས་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་སྤྱན་གཡས་མཁན་ཆེན་བཀྲ་ཤིས་ལེགས་པ་ལ་བསྟོད་པའི་ཚིགས་སུ་བཅད་པ་འདི་དེ་ཉིད་ཀྱི་སློབ་མ་འགས་བསྐུལ་བའི་ངོར་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་སྦྱར་བའོ།། །།

                                                                                            རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
    གསལ་འདེབས།
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
       དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།