གསང་ཕུ་ཆོས་རྗེ་ལྷ་དབང་དཔལ་འབྱོར་བ་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-10-04 12:02:22     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

 

微信图片_20171004120753.jpg

ཐུབ་དབང་བསྟན་པ་འཆི་མེད་རི་བོའི་རྩེར། །ཆོས་ཀྱི་སྤྱན་སྟོང་ལྡན་པའི་ལྷ་དབང་ནི། །ཐེག་མཆོག་བདུད་རྩིའི་དཔལ་འབྱོར་བཟང་པོ་ཅན། །མཁས་མཆོག་སྐབས་གསུམ་དབང་པོ་དེ་ལ་འདུད། །ཚོགས་གཉིས་གངས་རིའི་སྤོ་ལ་རྣམ་པར་འགྱིང་། །རྒྱ་ཆེན་མང་དུ་ཐོས་པའི་རལ་ཁུར་ཅན། །རིགས་པའི་གད་རྒྱངས་སྨྲ་ངན་རི་དྭགས་འཇོམས། །(༦༦བ)དཔལ་ལྡན་སྨྲ་བའི་སེང་གེ་དེ་ལ་འདུད། །བློ་གྲོས་དཀྱིལ་འཁོར་ཤེས་བྱའི་མཁའ་ལ་རྒྱས། །ལུང་དང་རིགས་པའི་འོད་སྟོང་རབ་ཏུ་འཕྲོ། །ཐུབ་བསྟན་པད་ཚལ་རྣམ་པར་རྒྱས་མཛད་པའི། །བློ་གསལ་བུང་བའི་གཉེན་གཅིག་དེ་ལ་འདུད། །འགྲོ་ཀུན་ཐེག་མཆོག་བཤེས་གཉེན་མགོན་དང་བཅས། །མ་ནོར་མདོ་དང་རྒྱུད་སྡེའི་ལམ་བཟང་ལ། །ཐོས་བསམ་སྒོམ་པས་ཚུལ་བཞིན་རབ་ཞུགས་ཏེ། །བླ་མེད་བྱང་ཆུབ་གོ་འཕང་ཐོབ་གྱུར་ཅིག །རྒྱལ་བའི་བསྟན་པ་ཕྱོགས་བཅུར་དར་ཞིང་རྒྱས། །བསྟན་འཛིན་སྐྱེས་བུ་ཐམས་ཅད་ཞབས་བརྟན་ཅིང་། །དགེ་འདུན་སྡེ་དང་བཤད་སྒྲུབ་ལོངས་སྤྱོད་རྣམས། །འགྲན་པ་བཞིན་དུ་འཕེལ་བའི་བཀྲ་ཤིས་ཤོག །ཅེས་གསང་ཕུ་ཆོས་རྗེ་ལྷ་དབང་དཔལ་འབྱོར་བ་ལ་བསྟོད་པའི་ཚིགས་སུ་བཅད་པ་འདི་ནི་དཀའ་བཅུ་ལེགས་གྲུབ་ཀྱིས་བསྐུལ་བའི་ངོར་ཆོས་སྨྲ་བའི་བཙུན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་སྐྱོར་མོ་ལུང་གི་གཞིས་ཀ་འཆི་མེད་བཀོད་པར་སྦྱར་བའོ།། །།                                  

                                                                                                   རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
   གསལ་འདེབས།
    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
           དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།