དྲུང་ཆེན་ལེགས་པ་བཟང་པོ་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-10-04 11:25:52     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།    ཀློག་ཐེངས།  

 

 

IMG_4202.JPG

སྔོན་བསགས་ལེགས་པར་སྤྱད་པའི་ནམ་མཁའ་ལ། །བློ་གྲོས་དཀྱིལ་འཁོར་རྒྱས་པའི་རི་བོ་ཅན། །འཕྲིན་ལས་བཟང་པོའི་འོད་དཀར་སྟོང་འཕྲོ་བའི། །ཐུབ་བསྟན་ཀུན་དའི་གཉེན་ལ་གསོལ་བ་འདེབས། །དལ་དང་འབྱོར་བའི་དཔག་བསམ་རྐང་འཐུང་ནི། །ཕུན་ཚོགས་ངུར་(༦༦ན)སྨྲིག་ལོ་འདབ་གསར་པས་གཡོགས། །སྤྱོད་ཚུལ་བཟང་པོའི་དྲི་བཟང་གཡོ་བ་ཅན། །འདུལ་བ་འཛིན་པའི་ཞབས་ལ་གསོལ་བ་འདེབས། །འདི་ཕྱིའི་དངོས་གྲུབ་ཀུན་གྱི་རྩ་བ་མཆོག །རྨད་བྱུང་དམ་པའི་མགོན་གྱིས་དགྱེས་བཞིན་དུ། །རྗེས་བཟུང་ལེགས་བཤད་དུ་མའི་དཔལ་གྱིས་འབྱོར། །ནོར་བཟང་དང་མཚུངས་ཁྱོད་ལ་གསོལ་བ་འདེབས། །རྒྱ་ཆེན་བཤད་པས་བློ་གསལ་དགའ་བ་སྐྱེད། །རིགས་ལམ་རྩོད་པས་ཕས་རྒོལ་ཟིལ་གྱིས་གནོན། །སྡེབ་ལེགས་རྩོམ་པས་མཁས་པའི་ཡིད་འཕྲོག་པ། །སྨྲ་བའི་དབང་པོའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་བསྔགས་འོས་བཤེས་གཉེན་དམ་པ་ཡིས། །བརྩེ་བས་སེམས་ཅན་རྣམས་ལ་གཟིགས་པ་དང་། །འཕྲིན་ལས་ཡར་ངོའི་ཟླ་ལྟར་གོང་འཕེལ་ཞིང་། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པར་ཤོག །ཅེས་དྲུང་ཆེན་ལེགས་པ་བཟང་པོ་ལ་བསྟོད་པའི་ཚིགས་སུ་བཅད་པ་འདི་དེ་ཉིད་ཀྱི་ཞལ་སློབ་འགས་བསྐུལ་བའི་ངོར་ཆོས་སྨྲ་བའི་བཙུན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་སྦྱར་བའོ།། །།

                                                                                                 རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
   གསལ་འདེབས།
      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
       དྲ་བའི་སྦྲེལ་ཐགhttp://www.tb1025.

བརྒྱུད་འགོད།