མཚན་སྒྲོག་ཚོགས་པའི་མཁན་བརྒྱུད་རྣམས་ལ་མཚན་སྤེལ་གྱི་སྒོ་ནས་གསོལ་འདེབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-29 22:34:09     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

IMG_4172.JPG
  
             

       ཨོཾ་སྭ་སྟི། ཚོགས་གཉིས་རིན་ཅེན་ཆུ་ཤེལ་ལས་འཁྲུངས་ཤིང་། །དཔལ་ལྡན་མཁྱེན་བརྩེའི་དཀྱིལ་འཁོར་རབ་ཏུ་རྒྱས། །སྐལ་བཟང་ཀུ་མུད་མཛེས་པའི་གཉེན་གཅིག་པུ། །སྨྲ་བའི་(༦༥ན)ཟླ་བ་མཆོག་ལ་གསོལ་བ་འདེབས། །དཔལ་ལྡན་བློ་གྲོས་ལུས་སྟོབས་རབ་ཏུ་རྒྱས། སྨྲ་བའི་སེང་གེ་རིགས་པའི་གད་རྒྱངས་ཅན། །གཞུང་ལུགས་རིན་ཅེན་རལ་པའི་ཁུར་གྱིས་བརྗིད། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །དམ་པ་དུ་མའི་མགོན་གྱིས་ལེགས་པར་བཟུང་། །རིན་ཅེན་བྱང་ཆུབ་སེམས་གཉིས་ཐུགས་ལ་འཁྲུངས། །མཐའ་ཡས་གདུལ་བྱའི་འདྲེན་པ་བླ་ན་མེད། །བསྔགས་འོས་བཤེས་གཉེན་མཆོག་ལ་གསོལ་བ་འདེབས། །དཔལ་ལྡན་མཁས་པའི་ལེགས་བཤད་རིན་ཅེན་གྱིས། །གང་གི་རྣམ་དཔྱོད་མགྲིན་པ་རབ་ཏུ་མཛེས། །བློ་ཆེན་སྐྱེ་བོ་རྣམས་ཀྱིས་བལྟ་བའི་འོས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །གང་གི་མཁྱེན་པའི་ནམ་མཁའ་ཡངས་པ་ལ། །ཕུལ་བྱུང་ལུང་རིགས་ཉིན་མོའི་དབང་ཕྱུག་ནི། །དཔལ་ལྡན་འཕྲིན་ལས་བཟང་པོའི་འོད་སྟོང་ཅན། །བསྟན་པའི་ཉི་མ་མཆོག་ལ་གསོལ་བ་འདེབས། །འགྲོ་བ་ཀུན་ལ་དགའ་བདེའི་དཔལ་སྟེར་ཞིང་། །རྡོ་རྗེའི་ཐུགས་མངའ་བསླབ་གསུམ་རྒྱན་གྱིས་མཛེས། །གང་གི་ཡོན་ཏན་མཁས་པས་བསྔགས་འོས་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ལུང་རྟོགས་ནོར་བུས་ཡོངས་གང་ཕ་མཐའ་བྲལ། །ལེགས་བཤད་དབུ་བ་དཀར་པོའི་དོ་ཤལ་ཅན། །ཀུན་དགའི་རིན་ཅེན་མ་ལུས་འབྱུང་བའི་གནས། །བཤེས་གཉེན་རྒྱ་མཚོ་ཆེ་ལ་གསོལ་བ་འདེབས། །ལྷག་བསམ་རབ་དཀར་ཤཱཀྱའི་བསྟན་པ་ལ། །བཀའ་གདམས་(༦༥བ)ཆོས་ཀྱི་རྒྱལ་མཚན་མཐོན་པོར་འཛིན། །རྨད་བྱུང་གྲགས་པའི་བ་དན་གཡོ་བ་ཅན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །དཀོན་ཅོག་རིན་ཅེན་ཅོད་པན་སྤྱི་བོར་འཛིན། །རྨད་བྱུང་ཡོན་ཏན་རྒྱ་མཚོའི་ལྗིང་ན་གནས། །འཕྲིན་ལས་བཟང་པོའི་ནོར་བུའི་འོད་ཟེར་འབར། །བཤེས་གཉེན་ཀླུ་དབང་མཆོག་ལ་གསོལ་བ་འདེབས། །གཞུང་ལུགས་དུ་མའི་དོན་ལ་བློ་གྲོས་ནི། །ལོག་རྟོག་རླུང་གིས་མི་གཡོ་རབ་ཏུ་བརྟན། །མཁས་པའི་མདུན་སར་འདུག་ལ་དབང་བ་ཅན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །དམ་པ་དུ་མའི་ཆོས་ཀྱི་གདན་ཁྲི་ལ། །རྣམ་པར་བཀོད་པའི་གྲགས་པ་གསལ་བ་ཅན། །བསོད་ནམས་རྒྱ་མཚོའི་དཔལ་གྱིས་མངོན་པར་མཐོ། །བཟང་པོའི་སྐྱེས་བུ་ཁྱོད་ལ་གསོལ་བ་འདེབས། །ཞེས་མཚན་སྒྲོག་ཚོགས་པའི་མཁན་བརྒྱུད་རྣམས་ལ་མཚན་སྤེལ་གྱི་སྒོ་ནས་གསོལ་འདེབས་འདི་འདྲ་ཞིག་དགོས་སོ་ཞེས་གནས་བརྟན་སེང་གེ་བས་བསྐུལ་བའི་ངོར་ཆོས་སྨྲ་བ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་ཤར་འོལ་ཁ་སྟག་རྩེའི་ཕོ་བྲང་ཆེན་པོའི་གཟིམས་ཁང་ཤམྦྷ་ལར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།

 

                                                                     རྩོམ་སྒྲིག་པ།  ཀླུ་ཚང་འཇམ་དབྱངས་ཤེས་རབ།

         གསལ་འདེབས།
   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

 

 

བརྒྱུད་འགོད།