སློབ་དཔོན་ཤེས་རབ་འཕེལ་བ་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-28 19:46:46     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

 

IMG_4381.JPG

 

མདོ་སྔགས་གསུང་རབ་བྱ་ལམ་ཡངས་པ་ལ། །ཤེས་རབ་བདུད་རྩིའི་ཆ་ཤས་གོང་འཕེལ་བས། །བློ་གསལ་བློ་ཡི་མུན་པ་ཀུན་སེལ་ཞིང་། །ཐུབ་བསྟན་ཀུ་མུད་རྒྱས་མཛད་དེ་ལ་འདུད། །གང་གི་མཁྱེན་ཡངས་གོ་འབྱེད་མདོ་རྒྱུད་ཀྱི། །ཆར་སྤྲིན་ལྷུན་སྟུག་ཅི་ཡང་འཁྲིགས་པ་ལས། །ལེགས་བཤད་ཆར་གྱིས་སྐལ་ལྡན་ཤེས་རབ་ཀྱི། །ལོ་ཐོག་ཆེས་ཆེར་འཕེལ་མཛད་དེ་རྨད་དོ། །སྟོང་ཉིད་ཟབ་མོ་རྟོགས་པའི་ཤེས་རབ་དང་། །རྒྱ་ཆེན་བྱང་ཆུབ་སེམས་གཉིས་འགྲན་པ་བཞིན། །གང་ལ་འཕེལ་བས་རྒྱལ་སྲས་དཔའ་བོ་རྣམས། །སྐྲག་ནས་ཆོས་དབྱིངས་ངང་དུ་བྲོས་སམ་སྙམ། །(༦༤བ)སྤྱན་རས་གཟིགས་དང་འཇམ་དཔལ་དཔའ་བོ་དང་། །ཤེས་རབ་ཐུགས་རྗེ་འགྲན་པར་རབ་མཚུངས་ཀྱང་། །ཐ་མའི་དུས་འདིར་ཐར་འདོད་སྐལ་བཟང་ལ། །ཐར་ལམ་དངོས་སུ་འདོམས་མཛད་ཁྱོད་ཉིད་ལགས། །ཤེས་རབ་མེ་ལྕེ་འབར་བས་རང་རྒྱུད་ཀྱི། །སྒྲིབ་པའི་ཚང་ཚིང་མཐའ་དག་སྲེག་མཛད་ཀྱང་། །ཉོན་མོངས་ཚ་བས་གདུངས་པའི་འགྲོ་འདི་ལ། །ཟླ་ཟེར་སྟོང་བས་བསིལ་བ་དེ་རྨད་དོ། །རྒྱུད་སྡེའི་སྙིང་པོ་རིམ་གཉིས་ལམ་གྱི་གནད། །ཤེས་རབ་ཟབ་མོས་ཇི་བཞིན་ཐུགས་ཆུད་དེ། །ཉམས་ལེན་གནད་ལ་གཞོལ་བའི་ཐུགས་རྒྱུད་ཀྱི། །རྟོགས་པ་གོང་ནས་གོང་དུ་འཕེལ་ལ་འདུད། །དེ་ལྟར་ཤེས་རབ་མཚན་ཅན་རྒྱལ་སྲས་ལ། །ཅུང་ཟད་བསྟོད་པའི་རྣམ་དཀར་ཕུང་པོ་ཡིས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་བྱང་ཆུབ་སེམས། །མ་ལུས་འགྲོ་བའི་རྒྱུད་ལ་འཕེལ་གྱུར་ཅིག །ཅེས་སློབ་དཔོན་ཤེས་རབ་འཕེལ་བ་ལ་བསྟོད་པ་འདི་དེ་ཉིད་ཀྱི་སློབ་མ་འགས་བསྐུལ་བའི་ངོར་གནང་བའོ།། །། 

                                                                              རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
   གསལ་འདེབས།
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
       དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།