རྒྱུད་འཛིན་ཆེན་པོ་ཚུལ་ཁྲིམས་བཟང་པོ་ལ་བསྟོད་པ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-27 10:36:44     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

 IMG_4373.JPG

 

ཨོཾ་སྭ་སྟི་པྲ་ཛ་བྷྱཿ རྣམ་དག་ཚུལ་ཁྲིམས་རྩ་བ་རབ་བརྟན་ཅིང་། །མང་དུ་ཐོས་པའི་ལོ་འདབ་ཡོངས་སུ་རྫོགས། །འཕྲིན་ལས་བཟང་པོའི་འབྲས་བུའི་ཁུར་གྱིས་བརྗིད། །བཤེས་གཉེན་དཔག་བསམ་ལྗོན་པ་དེ་ལ་འདུད། །སྡེ་སྣོད་གསུམ་གྱི་དགོངས་དོན་ནམ་མཁའ་ལ། །ཐོགས་པ་མེད་པའི་བློ་གྲོས་དཀྱིལ་(༦༣ན)འཁོར་ཅན། །ལེགས་བཤད་འོད་དཀར་དྲ་བ་སྟོང་འགྱེད་པ། །ཐུབ་བསྟན་ཀུ་མུད་གཉེན་ཁྱོད་རྒྱལ་གྱུར་ཅིག །མི་བསྲུན་སེམས་ཀྱི་གཉིས་འཐུང་དྲེགས་པ་ཅན། །དྲན་དང་ཤེས་བཞིན་ལྕགས་ཀྱུའི་དབང་གྱུར་ཅིང་། །བག་ཡོད་གསེར་གྱི་དྲ་བས་ལེགས་བསྡམས་ཏེ། །ཐུབ་བསྟན་ཁུར་ཆེན་འཛིན་པ་དེ་ལ་འདུད། །རྣམ་དཔྱོད་གཤོག་ཡངས་དཀར་པོ་རབ་རྒྱས་པས། །རྒྱུད་སྡེ་རྒྱ་མཚོའི་ཟབ་དོན་སྦྲང་རྩི་ཡི། །ཆང་གིས་རབ་མྱོས་ལེགས་བཤད་རྔ་གསང་སྟོང་། །སྒྲོག་བྱེད་ངང་པའི་དེད་དཔོན་དེ་ལ་འདུད། །རྒྱལ་བ་ཀུན་གྱི་ཐུགས་བཅུད་རིམ་གཉིས་ཀྱི། །བདུད་རྩིའི་བཅུད་བཟང་རྒྱུན་དུ་བསྟེན་པ་ལས། །ཐུགས་ཀྱི་ཤེལ་བུམ་སྒྲིབ་གཉིས་དྲི་མ་དག །ཐར་པའི་ལམ་བཟང་མངོན་དུ་གྱུར་ལ་འདུད། །ཐབས་ཤེས་རྟ་ལྗང་ཤིང་རྟས་ལེགས་དྲངས་པས། །མཐའ་གཉིས་གཡང་སར་ནམ་ཡང་མི་ལྟུང་ཞིང་། །བདེན་འཛིན་མུན་པའི་དམག་རུམ་དྲུངས་ཕྱུང་ནས། །སྐུ་གསུམ་འོད་ཀྱི་དྲ་བ་འགྱེད་ལ་འདུད། །གང་ཐུགས་རི་དབང་ལོག་རྟོག་རླུང་ཤུགས་ཀྱིས། །གཡོ་བ་སྤངས་ཀྱང་བརྩེ་བའི་དྲི་བཞོན་གྱིས། །ཀུན་དུ་བསྐྱོད་པས་གདུལ་བྱའི་གླིང་ཀུན་དུ། །དུ་མའི་མཛད་པས་རོལ་ལ་ཕྱག་འཚལ་ལོ། །དེ་ལྟར་ཁྱོད་ཀྱི་ཡོན་ཏན་རབ་བསྔགས་པའི། །ཚིག་གི་ཕྲེང་བ་ཅུང་ཟད་བརྗོད་པ་ལས། །རབ་དཀར་དགེ་བ་ཅུང་ཟད་ཐོབ་པ་དེས། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །དེ་མ་ཐོབ་ཀྱི་ཚེ་རབས་ཐམས་ཅད་དུ། །ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་བཟུང་སྟེ། །རྒྱལ་བའི་དམ་ཆོས་མ་ལུས་ལེགས་རྟོགས་ནས། །ཐུབ་པའི་བསྟན་པ་ཕྱོགས་བཅུར་རྒྱས་བྱེད་ཤོག །ཅེས་རྒྱུད་འཛིན་ཆེན་པོ་ཚུལ་ཁྲིམས་བཟང་པོ་ལ་བསྟོད་པ་འདི་ཡང་དེའི་སློབ་མ་དཀའ་བཅུ་པ་ཚུལ་རིན་གྱིས་བསྐུལ་ནས་བཙུན་པ་དགེ་འདུན་རྒྱ་མཚོས་བཀྲ་ཤིས་ལྷུན་པོར་སྦྱར་བའོ།། །།

                                                                                                                                                                                                                                                                                                                                                                                                       རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
         གསལ་འདེབས།
                                 རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                     དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།