སེ་ར་ཆོས་རྗེ་དོན་ཡོད་པ་ལ་བསྟོད་པ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-27 10:08:35     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

 

 IMG_4202.JPG

དུས་གསུམ་རྒྱལ་བ་སྐྱེད་པའི་ཡུམ། །ཤེས་རབ་ཕ་རོལ་ཕྱིན་མའི་དངོས། །ཡེ་ཤེས་མཁའ་འགྲོའི་སྐུར་བསྟན་པ། །ལབས་ཀྱི་སྒྲོན་མ་དེ་ལ་འདུད། །གང་གི་ཞབས་པད་དྲན་ཙམ་གྱིས། །ཕྱི་ནང་བར་གཅོད་ཀུན་སེལ་ཞིང་། །དངོས་གྲུབ་མ་ལུས་སྩོལ་མཛད་མ། །ལབས་ཀྱི་སྒྲོན་མ་དེ་ལ་འདུད། །བདག་འཛིན་འཁྲི་བ་ཆོད་པ་དང་། །རང་ཉིད་གཅེས་པར་འཛིན་པའི་བློ། །རྨི་ལམ་དུ་ཡང་མི་འབྱུང་ཞིང་། །བདག་པས་གཞན་གཅེས་བྱང་ཆུབ་སེམས། །མྱུར་དུ་འབྱོངས་པར་བྱིན་གྱིས་རློབས། །སྒྱུ་ལུས་ཤ་ཁྲག་ཕུང་པོ་འདི། །འགྲོ་བ་ཀུན་ལ་ལེགས་བྱིན་པས། །རང་རང་འདོད་དགུས་ཚིམ་གྱུར་ཏེ། །ཚོགས་གཉིས་རྫོགས་པར་བྱིན་གྱིས་རློབས། །ཞེས་པ་འདི་ཡང་རྗེ་ཉིད་ཀྱི་གསུང་ལས་བྱུང་བའོ། །དུས་གསུམ་རྒྱལ་བ་མ་ལུས་སྐྱེད་པའི་ཡུམ། །སྤྲོས་པ་ཀུན་བྲལ་ཤེས་རབ་ཕ་རོལ་ཕྱིན། །འཇའ་ལུས་མཁའ་འགྲོའི་གཟུགས་ཀྱིས་གར་མཛད་པ། །ལབས་ཀྱི་སྒྲོན་མ་ཁྱོད་ལ་གསོལ་བ་འདེབས། །ཞེས་པ་འདི་ཡང་རྗེ་ཉིད་ཀྱི་གསུང་ལས་བྱུང་བའོ། །(༦༡བ) ༈ མང་དུ་ཐོས་པའི་རིན་ཅེན་གཞལ་མེད་ཁང་། །དོན་ཡོད་སྒྲུབ་པའི་རྒྱལ་མཚན་མཐོན་པོ་ཅན། །དཔལ་ལྡན་འཕྲིན་ལས་བཟང་པོའི་བ་དན་གཡོ། །བཤེས་གཉེན་དམ་པའི་ཞབས་ལ་གསོལ་བ་འདེབས། །བཤད་སྒྲུབ་བསྟན་པའི་བྱ་བ་འབའ་ཞིག་གིས། །དལ་བའི་རྟེན་བཟང་དོན་ཡོད་ལེགས་མཛད་པས། །དཔལ་ལྡན་མཁས་པ་ཀུན་གྱི་གཙུག་གི་རྒྱན། །སྨྲ་བའི་ཁྱུ་མཆོག་ཁྱོད་ལ་གསོལ་བ་འདེབས། །ཞེས་སེ་ར་ཆོས་རྗེ་དོན་ཡོད་པ་ལ་བསྟོད་པ་འདི་ནི་བླ་མ་དེ་ཉིད་ཀྱི་ཞལ་སློབ་འགའ་ཞིག་གིས་བསྐུལ་བའི་ངོར་སྦྱར་བའོ།། །།

                                                                            རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
  གསལ་འདེབས།
      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
     དྲ་བའི་སྦྲེལ་ཐགhttp://www.tb1025.cn


 

བརྒྱུད་འགོད།