དགའ་ལྡན་ཆོས་རྗེ་ཆོས་སྐྱོང་རྒྱ་མཚོ་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-21 11:38:47     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

 

QQ图片20170921111723.jpg

ཨོཾ་སྭ་སྟི། གཞན་དང་མི་མཉམ་མཁྱེན་པའི་དཔུང་ཚོགས་ཀྱིས། །ཐེག་མཆོག་ཆོས་ཀྱི་རྒྱལ་སྲིད་ལེགས་སྐྱོང་ཞིང་། །མཁས་བཙུན་རྒྱ་མཚོའི་གཙུག་གི་རྒྱན་གྱུར་པའི། །བསྔགས་འོས་བཤེས་གཉེན་མཆོག་ལ་གསོལ་བ་འདེབས། །བུ་རམ་ཤིང་པའི་བསྟན་པའི་རྗེས་ཞུགས་ནས། །སྡེ་བཞིའི་ལུང་གི་དགོངས་དོན་ལེགས་རྟོགས་ཏེ། །བསླབ་གསུམ་བདུད་རྩིའི་ཆུ་བོས་ཉིད་ཐུགས་ཀྱི། །དྲི་བྲལ་ཤེལ་གྱི་བུམ་(༦༠བ)བཟང་གཏམས་ལ་འདུད། །མཁས་མང་ཞབས་སེན་ཟླ་བའི་རལ་པ་ནི། །སྤྱི་བོའི་གཞི་ལ་རབ་བཀོད་གཞུང་བརྒྱ་ཡི། །གང་གཱ་འཛིན་བྱེད་མང་ཐོས་རལ་པའི་ཁུར། །རབ་མཐོ་རི་སྲས་བདག་པོ་རྒྱལ་གྱུར་ཅིག །རྣམ་མང་རྒྱུད་སྡེའི་གོ་འབྱེད་རབ་ཡངས་པར། །རྣམ་པར་དཔྱོད་པའི་འགྲོས་གཉིས་ལྡན་པ་ཁྱོད། །རྣམ་དཀར་ལེགས་བཤད་འོད་སྟོང་དྲ་བ་ཡིས། །རྣམ་མཛེས་ཉིན་མོའི་དབང་ཕྱུག་ཁྱོད་ལ་འདུད། །མཐའ་དྲུག་འཆིང་བའི་རྒྱ་ལྡན་སྨིན་ལེགས་ཀྱི། །འདུས་པ་ཡོངས་འདུའི་སྲིད་མོ་ལ་དབང་བ། །ཉོན་མོངས་སྟོབས་ལྡན་སྲོག་འཕྲོག་རིམ་གཉིས་ཀྱི། །མཁའ་ལྡིང་བཞོན་པས་རྣམ་རོལ་དེ་ལ་འདུད། །ཤེས་རབ་ལུས་སྟོབས་རབ་རྒྱས་ཐུབ་བསྟན་གྱི། །ཀེ་ལ་ཤ་སྐྱོང་སྨྲ་བའི་སེང་གེ་ཡི། ཁྲི་ལ་རབ་འཛེགས་ཟབ་དོན་དྲུག་ལྡན་གྱི། །གླུ་དབྱངས་སྒྲོག་མཁས་གང་དེ་རྒྱལ་གྱུར་ཅིག །མགལ་མེའི་འཁོར་ལོ་རྗེས་མཐུན་སྐྱེ་ཤི་དང་། །བར་དོའི་མུན་འཇོམས་སྐུ་གསུམ་འོད་བརྒྱའི་ཕྲེང་། །འགྱེད་མཁས་ཏིང་འཛིན་པིར་གྱི་ཟློས་གར་མཁན། །རིག་པ་འཛིན་པའི་གཙོ་ལ་ཕྱག་འཚལ་ལོ། །མ་དག་སྲིད་པའི་རྒྱུ་ལམ་ཟླ་ཉིའི་འགྲོས། །སྒྲ་གཅན་གྱིས་བཅོམ་མཁའ་དབྱིངས་སྤྲོས་དང་བྲལ། །བདེ་ཆེན་གྱིས་གཟིམས་མཁའ་ཁྱབ་སྒྱུ་འཕྲུལ་གྱི། །དྲ་བས་རྣམ་རོལ་གང་དེར་གསོལ་བ་འདེབས། །དེ་ལྟར་རྨད་བྱུང་ཡོན་ཏན་མུ་ཏིག་གི །དོ་ཤལ་སྡེབ་ལེགས་ཚིག་གི་སྲད་བུ་ལ། །ལེགས་པར་བཀོད་ལས་རྣམ་དཀར་གང་ཐོབ་དེས། །འགྲོ་ཀུན་བཤེས་གཉེན་དམ་པས་རྗེས་འཛིན་ཤོག །སྡེ་སྣོད་གསུམ་གྱི་དགོངས་དོན་བསླབ་པ་གསུམ། །སྐྱེས་བུ་གསུམ་གྱི་ལམ་གྱིས་རྒྱུད་སྦྱངས་ནས། །རྒྱུད་སྡེ་(༦༡ན)རྣམ་བཞིའི་སྙིང་པོ་རིམ་གཉིས་ཀྱིས། །སྐུ་བཞི་མྱུར་ཐོབ་འགྲོ་ཀུན་སྒྲོལ་བར་ཤོག །བསྟན་པའི་རྩ་ལག་བཤེས་གཉེན་དམ་པ་གང་། །འགྲོ་བའི་དོན་སླད་རིང་དུ་ཞབས་བརྟན་ཅིང་། །རྣམ་དཀར་འཕྲིན་ལས་དུ་གུ་ལ་ཡི་གོས། །བཟང་པོས་འཛིན་མའི་ཁྱོན་ཀུན་ཁྱབ་གྱུར་ཅིག །ཅེས་དགའ་ལྡན་ཆོས་རྗེ་ཆོས་སྐྱོང་རྒྱ་མཚོ་ལ་བསྟོད་པ་འདི་ཡང་དེའི་བཀའ་འབངས་འགས་བསྐུལ་བའི་བྱེད་པ་ལས་དགེ་འདུན་རྒྱ་མཚོའི་དཔལ་གྱིས་སྨྲས་པའོ།། །།

                                                                     རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
    གསལ་འདེབས།
     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
       དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།