རྒྱལ་སྲིད་དབང་སྒྱུར་འཛིན་པ་དཔལ་མཆོག་ལྷ་འོད་ཟེར་ཞེས་པ་དེ་ཉིད་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-15 11:16:59     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

IMG_4209.JPG 

 

༈ བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མི་དམན་བློ་གྲོས་མཆོག་གི་དཀྱིལ་འཁོར་ནི། ཟབ་ཡངས་གསུང་རབ་ལྷ་ཡི་ལམ་ལ་བགྲོད། །ལུང་དང་རིགས་པའི་འོད་ཟེར་སྟོང་ལྡན་པས། །ཐུབ་བསྟན་ཉིན་མོར་མཛད་གང་རྟག་པར་རྒྱལ། །ངེས་འབྱུང་འོ་མའི་ཆུ་གཏེར་ལས་འཁྲུངས་ཤིང་། །དྲན་ཤེས་ཉི་མའི་འོད་ཀྱིས་བསྐྱངས་པ་ལས། །བརྟུལ་ཞུགས་བཟང་པོའི་དྲི་བསུང་གཡོ་བ་ཅན། །བཤེས་གཉེན་འདབ་སྟོང་ལྡན་པ་དེ་ལ་འདུད། །གསུང་རབ་འཛིན་མའི་ཁྱོན་འདིར་བློ་གྲོས་ཀྱི། །ཐོགས་པ་མེད་པའི་གོམ་པས་བགྲོད་བྱེད་པའི། །གཞན་ཕན་ཁུར་གྱིས་ནམ་ཡང་མི་ངལ་བ། །མཁས་པ་གཉིས་འཐུང་དབང་པོ་དེ་ལ་འདུད། །མི་དམན་ཡོན་ཏན་ནོར་བུའི་རྐང་སྟེགས་ཀྱིས། །མི་འཇིགས་སེང་གེའི་ཁྲི་ལ་རྣམ་འཛེགས་ནས། །སྐལ་བཟང་གདུལ་བྱའི་ཚོགས་ལ་ལེགས་བཤད་ཀྱི། །དགའ་སྟོན་འདོད་དགུ་སྩོལ་ལ་ཕྱག་འཚལ་ལོ། །ཆོས་སྐུ་རང་བཞིན་སྟོང་པའི་མཁའ་དབྱིངས་སུ། །སྤྲོས་པའི་སྤྲིན་ཚོགས་མཐའ་དག་རབ་ཞི་ཡང་། །རྟེན་འབྲེལ་སྣང་བ་བདེ་སོགས་བདག་པོའི་གཞུས། ཁྱོད་ཐུགས་རྣམ་པར་མཛེས་ལ་ཕྱག་འཚལ་ལོ། །བཤད་པའི་འོད་ཀྱིས་གདུལ་བྱའི་བློ་མུན་སེལ། །རྩོད་པའི་རྡོ་རྗེས་ཕས་(༥༧བ)རྒོལ་ལྷ་མིན་འཇོམས། །སྡེབ་ལེགས་རྩོམ་པའི་མེ་ཏོག་ཕྲེང་མཛེས་པ། །བློ་གསལ་སྤྱི་བོར་འགོད་མཁས་དེ་ལ་འདུད། །དེ་ལྟར་བསྟོད་ལས་རྣམ་དཀར་ཕུང་པོའི་ཚོགས། །མཁའ་ལྟར་ཡངས་པ་གང་ཞིག་ཐོབ་པ་དེས། །མཐའ་དག་འགྲོ་འདི་ཐེག་མཆོག་བཤེས་གཉེན་གྱི། །མགོན་དང་བཅས་ཏེ་ཞི་བར་རེག་གྱུར་ཅིག །ནོར་གྱི་བློ་གྲོས་མ་འདི་འཇིག་རྟེན་གྱི། །མངལ་ཁུར་འཛིན་པའི་རྩོམ་པ་མི་འདོར་བ། །དེ་སྲིད་ཁྱོད་སྐུ་རི་དབང་ལྟར་བརྟན་ཅིང་། །འཕྲིན་ལས་ཡར་ངོའི་ཟླ་ལྟར་རྒྱས་གྱུར་ཅིག །ཅེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བློ་ལྡན་ཤེས་རབ་ཀྱི་ཆོས་ཀྱི་རྒྱལ་སྲིད་དབང་སྒྱུར་འཛིན་པ་དཔལ་མཆོག་ལྷ་འོད་ཟེར་ཞེས་པ་དེ་ཉིད་ལ་བསྟོད་པ་འདི་ནི། བླ་མ་དེ་ཉིད་ཀྱི་ཞབས་འབྲིང་བགྱིད་པ་དག་གིས་བསྐུལ་བའི་ངོར། གཙང་རྟ་ནག་གི་སའི་ཆར་སྐྱེས་པའི་བཙུན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས། དཔལ་རི་བོ་བདེ་ཆེན་གྱི་ཆོས་གྲྭར་ཉེ་བར་བཀོད་པའོ།། །།

                                                                                རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
            གསལ་འདེབས།
     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
               དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།