སྙན་དངགས་མཁན་ཐམས་ཅད་ཀྱི་གཙུག་གི་ནོར་བུ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-15 11:05:25     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

 

IMG_4206.JPG

ངག་དབང་ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །འགྲོ་ཀུན་སྐལ་ལྡན་ཤིང་རྟའི་དུ་གུ་(༥༦བ)ལ། །ཞབས་སེན་བནྟུ་ཛི་བའི་ཕུན་ཚོགས་དང་། །རབ་འགྲོགས་སྲིད་འདིར་འཆི་མེད་ཕྱོགས་ཀུན་ལས། །རྣམ་པར་རྒྱལ་བའི་རྒྱལ་མཚན་འདི་མཛེས་སོ། །དཔལ་སྟུག་དབྱར་སྐྱེས་མངལ་ལས་ལེགས་ཐོན་པའི། །ཇི་སྙེད་ཉལ་འགྲོ་བསགས་པ་ཆུ་གླང་བདག །མ་ལུས་མགྲིན་པའི་ཕུག་ན་ངལ་གསོ་བ། །འདི་ཡིས་སྦྱིན་མའི་བུ་དག་འདར་སྙམ་སེམས། །དྲི་ཟ་ཅན་གང་རོ་འཛིན་རྡུལ་ཕྲ་བ། །རེ་རེའང་དབྱངས་ཅན་ངང་མོའི་ཕང་ཕུང་ལ། །སྙན་དངགས་ཕང་འགྲོ་ལེན་ནོ་མན་ནེ་ཀ །འདི་ལས་གཞན་ན་གཉིས་པ་གཞན་སུ་ཞིག །ཕན་བདེའི་འོད་སྟོང་དང་པོར་གང་འགྲོགས་པ། །བདེ་སོགས་རྩེ་དགའི་གནས་དེ་འདི་ཉིད་དེ། །རིག་གནས་རྣམ་བཀྲའི་གཞའ་བཀྲ་གང་ཆགས་པ། །མཐའ་དབུས་ཀུན་བྲལ་རོལ་གནས་ཨེ་མའོ་མཚན། །རྣམ་བཅས་རི་སྲས་ལང་ཚོ་ལ་ཞུགས་པ། །འཕོ་མེད་བདེ་བས་ལས་ཀྱི་མགྱོགས་འགྲོ་ཀུན། །རྒྱུན་བཅད་རྣམ་མེད་དབྱིངས་ལ་རྟག་རོལ་བ། །བྱང་ཆུབ་སེམས་ཀྱི་ཟླ་ཤེལ་སྤྱི་བོར་མཛེས། །ཐུབ་གཞུང་བཤོལ་མེད་མཛེས་པ་ལ་ཆགས་པས། །ཉེར་བསྐྲུན་མཁྱེན་ཡངས་འདྲེན་བྱེད་སྟོང་མངའ་བ། །འཆི་མེད་ཆོས་ཀྱི་རྒྱལ་སྲིད་དཔལ་ལྡན་པ། །ཐུབ་བསྟན་སྐབས་གསུམ་བདག་པོ་ཁྱོད་ཕྱག་འཚལ། །ཚོགས་གཉིས་བདུད་རྩིའི་འབྱུང་གནས་ཡོན་ཏན་གྱི། །མུ་ཏིག་ཚོགས་རྣམས་སྡེབ་ལེགས་སྙན་དངགས་ཀྱི། །སྲད་བུ་ཆ་ཤས་ཙམ་ཞིག་བཀོད་པས་ཀྱང་། །འགྲོ་ཀུན་ཐེག་མཆོག་མགོན་དང་མི་འབྲལ་ཤོག །ཅེས་བོ་དོང་ཕྱོགས་ལས་རྣམ་རྒྱལ་ལ་(༥༧ན)བསྟོད་པ་འདི་ནི་བོ་དོང་གི་མཁས་པ་དགེ་འདུན་དོན་གྲུབ་གྱིས་བསྐུལ་བའི་ངོར་སྙན་དངགས་མཁན་ཐམས་ཅད་ཀྱི་གཙུག་གི་ནོར་བུས་སྨྲས་པའི་ཡི་གེ་པ་ནི་ཆོས་ཀྱི་དཔལ་འབྱོར་ལེགས་སོ།། །།

                                                                                  རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
 གསལ་འདེབས།
         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                དྲ་བའི་སྦྲེལ་ཐགhttp://www.tb1025.cn
ངེད་དགེ་ལུགས་པའི་དྲ་བ། རྗེ་དགེ་འདུན་རྒྱ་མཚོ།

 

 

 

བརྒྱུད་འགོད།