བླ་མ་སྤྱི་ལ་གསོལ་བ་འདེབས་པ་བྱིན་རླབས་མྱུར་འཇུག་ཅེས་བྱ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-14 20:28:17     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

 

 

IMG_4209.JPG

བླ་མ་སྤྱི་ལ་གསོལ་བ་འདེབས་པ་བྱིན་རླབས་མྱུར་འཇུག་ཅེས་བྱ་བ། །བླ་མ་དམ་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མངོན་མཐོ་ངེས་ལེགས་ལེགས་ཚོགས་མ་ལུས་པ། །གང་གི་ཞབས་པད་ཁོ་ནར་རག་ལས་ཞེས། །རྒྱལ་བས་མདོ་རྒྱུད་ཀུན་ལས་ཆེར་བསྔགས་པ། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །ཐོག་མེད་དུས་ནས་མི་ཁོམ་གནས་བརྒྱད་འཁྱམས། །ད་ལན་གཅིག་པུ་དལ་བ་རྙེད་དུས་འདིར། །དོན་ལྡན་སྙིང་པོ་ལེན་པའི་ཐབས་སྟོན་པ། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །ལས་ངན་མི་དགེ་སྡིག་པའི་རླུང་ཤུགས་ཀྱིས། །བཟོད་དཀའ་ངན་འགྲོའི་གཡང་དུ་མངོན་ཕྱོགས་ཚེ། །ཐུགས་རྗེའི་ཕྱག་གིས་ཉེ་བར་འཛིན་མཛད་པ། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །སྡུག་བསྔལ་གསུམ་གྱི་རླབས་འཕྲེང་གཡོ་བ་ཅན། །འཇིགས་རུང་འཁོར་བ་ཆུ་སྲིན་འབྱུང་གནས་ལས། །འགྲོ་ཀུན་ཐབས་མཁས་གྲུ་ཡིས་སྒྲོལ་མཛད་པ། །བླ་མ་རིན་པོ་ཆེ་ལ་(༥༤ན)གསོལ་བ་འདེབས། །རང་ཉིད་གཅེས་པར་འཛིན་པའི་གདོན་གྱིས་བཟུང་། །རྣམ་མང་ཟུག་རྔུས་ཉམ་ཐག་གྱུར་པའི་ཚེ། །བྱང་ཆུབ་སེམས་ཀྱི་བདུད་རྩིས་གསོ་མཛད་པ། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །མྱང་འདས་དམན་པའི་མྱ་ངམ་ཐང་ལ་འཁྱམས། །ཉེས་བརྒྱ་སྲིད་པའི་ཆོམ་རྐུན་གྱིས་བཅོམ་རྣམས། །ཕྱིན་དྲུག་ལམ་བཟང་མཆོག་ཏུ་འཁྲིད་མཛད་པ། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །ཕྱོགས་བཅུའི་ཞིང་གི་རྒྱལ་བ་མ་ལུས་པ། །སྐལ་དམན་སྙིགས་དུས་སྐྱེ་བོ་གདུལ་བའི་ཕྱིར། །ཐབས་ལ་མཁས་པས་བཤེས་གཉེན་ཚུལ་འཛིན་པས། །སངས་རྒྱས་ཀུན་འདུས་ཁྱོད་ལ་གསོལ་བ་འདེབས། །དཀྱིལ་འཁོར་འཁོར་ལོ་བྱེ་བ་ཕྲག་བརྒྱ་ཡང་། ཁྱོད་ཐུགས་ལྷན་སྐྱེས་ངང་དུ་རོ་གཅིག་ཅིང་། །དངོས་གྲུབ་རྣམ་གཉིས་འདོད་དགུའི་ཆར་འབེབས་པ། །ཡི་དམ་ཀུན་འདུས་ཁྱོད་ལ་གསོལ་བ་འདེབས། །དྲན་པ་ཙམ་གྱིས་བར་ཆད་མ་ལུས་སེལ། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་མཛད་ཅིང་། །མཐུ་ལྡན་ཡེ་ཤེས་སྲུང་མ་ཀུན་གྱི་དངོས། །ཆོས་སྐྱོང་ཀུན་འདུས་ཁྱོད་ལ་གསོལ་བ་འདེབས། །སྐུ་གཉིས་མངོན་གྱུར་ཡང་དག་རྫོགས་སངས་རྒྱས། །བདེན་གཉིས་ཟུང་འཇུག་དམ་ཆོས་ཀུན་གྱི་མཛོད། །རིག་གྲོལ་གཉིས་ལྡན་འཕགས་ཆོགས་ཀུན་གྱི་རྗེ། །སྐྱབས་གསུམ་ཀུན་འདུས་ཁྱོད་ལ་གསོལ་བ་འདེབས། །དེ་ལྟར་ཞིང་གི་དམ་པ་བླ་མ་ལ། །ཞིང་རྡུལ་མཉམ་པའི་ལུས་ཀྱིས་ཕྱག་འཚལ་ཞིང་། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་དང་། །(༥༤བ)བླ་མེད་སྒྲུབ་པའི་མཆོད་པས་རྟག་ཏུ་མཆོད། །ཐོག་མེད་དུས་ནས་དུག་གསུམ་ཉོན་མོངས་ཀྱིས། །སྒོ་གསུམ་སྦགས་པའི་ཉེས་ལྟུང་ཐམས་ཅད་བཤགས། །འཁོར་འདས་ཀུན་གྱི་དགེ་ལ་ཡི་རང་བཞིན། །ཟབ་ཡངས་ཆོས་འཁོར་རྟག་ཏུ་སྐོར་དུ་གསོལ། །ལུས་ཅན་ཀུན་གྱི་ཕན་བདེ་མ་ལུས་པ། །རྒྱལ་བའི་བསྟན་ལ་རག་ལས་དེ་ཡང་ནི། །བསྟན་འཛིན་སྐྱེས་བུ་རྣམས་ལ་རག་ལས་ཕྱིར། །མྱ་ངན་མི་འདའ་རྟག་ཏུ་བཞུགས་སུ་གསོལ། །སྐྱེ་འཆི་སྤངས་པ་རྡོ་རྗེའི་སྐུ་བརྙེས་ཀྱང་། །གདུལ་བྱའི་དོན་དུ་སྐྱེ་ཤི་སྣ་ཚོགས་པ། །སྟོན་མཛད་ཕྱོགས་བཅུའི་ཞིང་བཞུགས་བླ་མ་རྣམས། །འཁོར་བ་མ་སྟོངས་བར་དུ་བཞུགས་སུ་གསོལ། །རྣམ་དག་མི་ཕྱེད་དད་པ་རྡོ་རྗེའི་གདན། །ལྷག་བསམ་རྣམ་པར་དཀར་བ་ཟླ་བའི་གདན། །ཤུགས་དྲག་སྨོན་ལམ་པདྨོའི་ཟེ་འབྲུ་ལ། །སྲིད་མཐའི་བར་དུ་བརྟན་པར་བཞུགས་སུ་གསོལ། ཁྱོད་སྐུ་མིག་གི་བདུད་རྩིར་མི་འབྲལ་ཞིང་། །ཐེག་མཆོག་གསུང་གིས་རྟག་ཏུ་འཚོ་བ་དང་། །སྐུ་གསུང་ཐུགས་ཀྱིས་ངེས་པར་བྱིན་བརླབས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །སྐྱབས་མགོན་བླ་མ་རྣམས་ཀྱི་བཀའ་དྲིན་ལས། །འགལ་རྐྱེན་བདུད་སྡེའི་བར་ཆད་ཀུན་ལས་རྒྱལ། །གནས་སྐབས་མཐར་ཐུག་བསམས་པའི་དོན་ཀུན་འགྲུབ། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་པར་ཤོག །ཅེས་བླ་མ་སྤྱི་ལ་གསོལ་བ་འདེབས་པའི་ཚུལ་འདི་ནི་བླ་མ་དམ་པའི་བཀའ་འབངས་དད་ལྡན་སྨོན་ལམ་ཤེས་རབ་ཀྱིས་བསྐུལ་བའི་ངོར་དགེ་(༥༥ན)འདུན་རྒྱ་མཚོ་དཔལ་བཟང་པོས་དཔལ་ལྡན་འབྲས་སྤུངས་སུ་སྨྲས་པའོ། །ན་མོ་རཏྣ་གུ་རུ་བྷྱཿ དུས་གསུམ་རྒྱལ་བའི་མཁྱེན་པ་མ་ལུས་པ། །བདག་ཅག་བློ་དམན་གདུལ་བྱའི་དོན་གྱི་ཕྱིར། །བཤེས་གཉེན་ཚུལ་བསྟན་ལམ་བཟང་གསལ་མཛད་པ། །ཐེག་མཆོག་དགེ་བའི་བཤེས་ལ་གསོལ་བ་འདེབས། །འདི་ཕྱིའི་ལེགས་ཚོགས་ཀུན་གྱི་འབྱུང་གནས་མཆོག །དྲན་པ་ཙམ་གྱིས་དངོས་གྲུབ་ཆར་འབབས་ཤིང་། །ཕྱི་དང་ནང་གི་བར་ཆད་ཀུན་སེལ་བ། །མཚུངས་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །ཉོན་མོངས་ནད་ཀུན་སེལ་མཛད་སྨན་པའི་ཕུལ། །ཐར་པའི་ལམ་དུ་འཁྲིད་པའི་དེད་དཔོན་ཏེ། །སྐུ་གསུམ་གོ་འཕང་སྐད་ཅིག་ཉིད་ལ་ཡང་། །སྦྱིན་མཛད་བླ་མ་མཆོག་ལ་གསོལ་བ་འདེབས། །དུས་གསུམ་རྒྱལ་བ་ཀུན་གྱི་གདུང་འཚོབ་སྟེ། །ལུང་རྟོགས་དམ་ཆོས་བདུད་རྩི་འབྱུང་བའི་གནས། །འཕགས་ཚོགས་དགེ་འདུན་ཀུན་གྱི་གཙུག་གི་རྒྱན། །སྐྱབས་གསུམ་ཀུན་འདུས་ཞབས་ལ་གསོལ་བ་འདེབས། །མ་རིག་མུན་པ་སེལ་མཛད་ཉི་མ་སྟེ། །འཁོར་བའི་ཚ་གདུང་སེལ་མཛད་ཟླ་བའི་འོད། །དགོས་འདོད་མ་ལུས་སྩོལ་མཛད་ཡིད་བཞིན་ནོར། །ཟླ་མེད་སྐྱབས་གནས་མཆོག་ལ་གསོལ་བ་འདེབས། །རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས། །རྒྱལ་བ་ཀུན་ལས་ལྷག་པའི་བསོད་ནམས་ཀྱི། །ཞིང་དུ་ལན་བརྒྱར་བསྔགས་པའི་བླ་མ་ལ། །བཅོས་མིན་མོས་གུས་སྐྱེ་བར་བྱིན་གྱིས་རློབས། །ཤིན་ཏུ་རྙེད་དཀའ་སྐད་ཅིག་གིས་འཇིག་ཅིང་། །དོན་གཉིས་སྒྲུབ་(༥༥བ)པའི་རྟེན་བཟང་ཐོབ་དུས་འདིར། །ཚེ་འདིའི་ཆོས་བརྒྱད་སྣང་བ་ཀུན་དོར་ནས། །ལམ་བཟང་རྩེ་གཅིག་སྒྲུབ་པར་བྱིན་གྱིས་རློབས། །ལས་དང་ཉོན་མོངས་ཆུ་བོས་རྟག་གང་ཞིང་། །སྡུག་བསྔལ་གསུམ་གྱི་རྦ་རླབས་གཡོ་བ་ཅན། །སྲིད་མཚོར་ཡུན་རིང་འཁྱམས་པ་དྲན་གྱུར་ནས། །ཐར་འདོད་དྲག་པོ་སྐྱེ་བར་བྱིན་གྱིས་རློབས། །སྡུག་བསྔལ་རྒྱ་མཚོར་ལྷུང་བའི་ཉམ་ཐག་རྣམས། །སྙིང་ནས་དྲིན་ཅན་ཕ་མར་ཤེས་གྱུར་ནས། །བདག་པས་གཞན་གཅེས་འབྱོངས་པའི་བྱང་ཆུབ་སེམས། །མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །སྣང་སྲིད་ཆོས་ཀུན་རྟེན་ནས་བཏགས་ཙམ་ལས། །ངོ་བོ་ཉིད་ཀྱིས་མེད་པར་ཐག་ཆོད་ནས། །སྣང་སྟོང་ཟུང་འཇུག་ངང་ནས་ཚོགས་གཉིས་ཀྱིས། །དོན་གཉིས་མཐར་ཕྱིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་རང་གང་མོས་པའི་རྩ་བའི་བླ་མ་ལ་གསོལ་བ་འདེབས་པ། དགེ་བཤེས་རྒྱལ་མཚན་དཔལ་གྱིས་བསྐུལ་བའི་ངོར། བླ་མའི་བཀའ་འབངས་དགེ་འདུན་རྒྱ་མཚོའི་དཔལ་གྱིས་ཆོས་འཁོར་རྒྱལ་གྱི་དབེན་གནས་སུ་སྦྱར་བའོ།། །།

 

 

IMG_4204.JPG


སྤྱན་རས་གཟིགས་དབང་མགོན་པོ་ཕུ་ཆུང་པ། །འཇམ་དབྱངས་མཁྱེན་པའི་མངའ་བདག་རིན་ཅེན་གསལ། །གསང་བདག་གྲུབ་པའི་མངའ་བདག་ཚུལ་ཁྲིམས་འབར། །རྒྱལ་སྲས་སྐུ་མཆེད་གསུམ་ལ་གསོལ་བ་འདེབས། །ཆོས་བརྒྱད་སྤྲོས་པའི་རོལ་རྩེད་རྒྱང་བསྲིངས་ནས། །བརྒྱ་ཕྲག་དཀའ་བ་ལྷུར་བླངས་(༥༣བ)ཉམས་ལེན་གྱིས། །ཚེ་འདིར་མཆོག་བརྙེས་མི་ལ་རས་པ་ཞེས། །གྲགས་པ་ས་གསུམ་ཁྱབ་ལ་གསོལ་བ་འདེབས། །ལྷན་སྐྱེས་བདེ་བའི་རང་བཞིན་ཆོས་ཀྱི་སྐུ། །དྲན་པ་ཡིས་ཀྱང་ཚེ་ཡི་མཆོག་སྩོལ་ཅིང་། །མཛེས་སྡུག་དཔའ་མོའི་གཟུགས་འཛིན་རྒྱལ་བ་ཀུན། །སྐྱེད་མཛད་རྗེ་བཙུན་མ་ལ་གསོལ་བ་འདེབས། །ཡེ་ཤེས་ལྷ་ཡི་རང་བཞིན་མཁའ་འགྲོ་ལྔ། །འཇིག་རྟེན་དོན་ཕྱིར་སྨན་མོ་ལྔ་ཡི་ཚུལ། །དངོས་གྲུབ་གཉིས་ཀྱི་འདོད་དགུའི་ཆར་འབེབས་མ། །ཚེ་རིང་མཆེད་ལྔའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པ་ཡང་རྗེ་བླ་མའི་གསུང་ངོ་།། །།

                                                                              རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
            གསལ་འདེབས།
     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་            གསལ་པོར་དགོད་པར་ཞུ།
                དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།