གསོལ་འདེབས་བྱིན་རླབས་ཀུན་འཇུག།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2017-09-14 19:35:13     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།    ཀློག་ཐེངས།  

 

IMG_4210.JPG

དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནི། །གཅིག་བསྡུས་ལྷ་མིའི་སྟོན་པ་འོད་དཔག་མེད། །བཤེས་གཉེན་ཚུལ་བཟུང་ལྔ་བརྒྱའི་གཙུག་གི་རྒྱན། །དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས། །བདེ་ཆེན་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། །གང་ལ་གང་འདུལ་སྤྲུལ་པ་སྣ་ཚོགས་ཀྱིས། །འགྲོ་བའི་དོན་མཛད་མགོན་པོ་སྤྱན་རས་གཟིགས། །རྒྱལ་བའི་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །རབ་འབྱམས་རྒྱལ་བའི་གདུང་འཚོབ་བློ་བཟང་ཞེས། །གྲགས་པའི་བ་དན་སྲིད་པ་གསུམ་ན་གཡོ། །བསླུ་མེད་གཏན་གྱི་སྐྱབས་མཆོག་བཙོང་ཁ་(༥༢བ)པ། །བློ་བཟང་གྲགས་པའི་དཔལ་ལ་གསོལ་བ་འདེབས། །བསླབ་གསུམ་རྣམ་དག་དགེ་འདུན་ཀུན་གྱི་གཙོ། །གྲུབ་པ་མཆོག་བརྙེས་ཐུབ་བསྟན་རྒྱ་མཚོའི་དཔལ། །འཕྲིན་ལས་བཟང་པོ་ས་གསུམ་གདུལ་བྱའི་གཉེན། །སྤྲུལ་སྐུ་ཐམས་ཅད་མཁྱེན་ལ་གསོལ་བ་འདེབས། །ཡབ་སྲས་བླ་མ་རྣམས་ཀྱི་ཐུགས་རྗེ་དང་། །བདག་གི་དུས་གསུམ་བསགས་པའི་དགེ་ཚོགས་ཀྱིས། །འདི་ནས་བདག་ནི་འཆི་བའི་དུས་ཀྱི་ཚེ། །སྐྱོབ་པ་འོད་དཔག་མེད་པ་སྲས་དང་བཅས། །མངོན་སུམ་མཐོང་ཞིང་མི་ཕྱེད་དད་པ་ཐོབ། །དག་པའི་སྣང་བ་རྒྱ་ཆེན་སྙིང་ལ་ཤར། གཟུངས་དང་མངོན་ཤེས་རྫུ་འཕྲུལ་ཆེར་ཐོབ་ནས། །བདེ་བ་ཅན་དུ་རིངས་པ་ཚུར་ཤོག་ཅེས། །འདྲེན་པ་མཆོག་གི་གསུང་གིས་དབུགས་ཕྱུང་ནས། །བདེ་བ་ཅན་དུ་རིན་ཅེན་པདྨོ་ལས། །ཐེག་ཆེན་རིགས་ཀྱི་དབང་པོ་ཆེས་རྣོ་བར། །སྐྱེས་མ་ཐག་ཏུ་རྒྱལ་བ་འོད་དཔག་མེད། །མངོན་སུམ་མཐོང་ཞིང་ཐེག་མཆོག་བདུད་རྩི་ལ། །འདོད་དགུར་སྤྱོད་པ་ཉིད་དུ་བདག་གྱུར་ཅིག །རྩ་བརྒྱུད་བླ་མ་རྣམས་ཀྱི་བྱིན་རླབས་དང་། །བསླུ་མེད་དཀོན་ཅོག་གསུམ་གྱི་མཐུ་སྟོབས་དང་། །བདག་གི་རྣམ་དཀར་དགེ་བའི་མཐུ་ཉིད་ལས། །ཇི་ལྟར་སྨོན་པ་ཡིད་བཞིན་འགྲུབ་པར་ཤོག །ཅེས་པ་འདི་ནི་ཚ་བ་གྲུ་པའི་ཆོས་མཛད་མས་བསྐུལ་ནས་དགེ་འདུན་རྒྱ་མཚོའི་དཔལ་གྱིས་སྨྲས་པའོ།། །།

 

IMG_4199.JPG

 

སྟོན་པ་མཉམ་མེད་ཀུན་མཁྱེན་ཤཱཀྱའི་གཙོ། །དྲན་པས་ཚེ་ཡི་མཆོག་སྩོལ་ཚེ་དཔག་མེད། །དུག་གསུམ་ནད་སེལ་སྨན་པའི་རྒྱལ་པོ་སྟེ། །སྐུ་གསུམ་ལྷུན་གྲུབ་རྣམས་ཕྱག་འཚལ་ལོ། །རྒྱལ་བའི་(༥༣ན)ཡབ་གཅིག་རྗེ་བཙུན་མི་ཕམ་མགོན། །མི་ཤེས་མུན་པ་ཀུན་སེལ་འཇམ་པའི་དབྱངས། །ཐུགས་རྗེའི་མངའ་བདག་འཕགས་མཆོག་སྤྱན་རས་གཟིགས། །ས་བཅུའི་དབང་ཕྱུག་རྣམས་ལ་ཕྱག་འཚལ་ལོ། །འཇིགས་པ་བརྒྱད་སྐྱོབ་རྗེ་བཙུན་སྒྲོལ་མ་དང་། །ཤེས་རབ་སྣང་བ་མཆོག་སྩོལ་དབྱངས་ཅན་མ། །རྒྱལ་བའི་བསྟན་སྲུང་དམག་ཟོར་རྒྱལ་མོ་སོགས། །ཞི་ཁྲོ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་ཨ་ཏི་ཤ །གངས་ཅན་འགྲོ་བའི་མགོན་པོ་རྒྱལ་བ་འབྲོམ། །རིགས་གསུམ་མགོན་པོའི་རྣམ་སྤྲུལ་སྐུ་མཆེད་གསུམ། །བཀའ་གདམས་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །རིག་གྲོལ་གཉིས་ལྡན་དགེ་འདུན་ཀུན་གྱི་གཙོ། །གྲུབ་པ་མཆོག་བརྙེས་ཐུབ་བསྟན་རྒྱ་མཚོའི་དཔལ། །འཕྲིན་ལས་བཟང་པོས་འགྲོ་ཀུན་བདེ་ལ་འགོད། །ཐམས་ཅད་མཁྱེན་པའི་ཞབས་ལ་ཕྱག་འཚལ་ལོ། །སྐྱབས་གནས་དམ་པ་རྣམས་ཀྱི་ཐུགས་རྗེ་ཡིས། །ཚེ་རིང་ནད་མེད་བསམ་པའི་དོན་ཀུན་འགྲུབ། །ཕྱི་མ་དགའ་ལྡན་གནས་སུ་ལེགས་སྐྱེས་ནས། །མི་ཕམ་ཞབས་དྲུང་ཆོས་ལ་སྤྱོད་པར་ཤོག །ཅེས་པ་ཡང་རྗེ་ཉིད་ཀྱིས་མཛད་པའོ།། །།

                              རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

        གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

           དྲ་བའི་སྦྲེལ་ཐགhttp://www.tb1025.cn
                                                                                

བརྒྱུད་འགོད།