བསྟན་ཐོག་གཅིག་མའི་བརྒྱུད་པ་གསོལ་འདེབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-14 19:11:32     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

 

 IMG_4193.JPG

བསྟན་ཐོག་གཅིག་མའི་བརྒྱུད་པ་གསོལ་འདེབས་ན། འོག་མིན་ཆོས་ཀྱི་ཕོ་བྲང་ནས། །ཡུམ་ཆེན་ཤེར་ཕྱིན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །བྱ་རྒོད་ཕུང་པོའི་རི་བོ་ན། །བཅོམ་ལྡན་ཤཱཀྱ་ཐུབ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །རྒྱ་ནག་རི་བོ་རྩེ་ལྔ་རུ། །འཇམ་དཔལ་སྨྲ་སེང་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །གཡུ་ལོ་བཀོད་པའི་ཞིང་ཁམས་ན། །རྗེ་བཙུན་སྒྲོལ་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །འཇའ་འོད་འཁྱིལ་བའི་ཕོ་བྲང་ན། །སུ་ཁ་སིདྡྷི་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །དགའ་ལྡན་ཆོས་ཀྱི་ཕོ་བྲང་ན། །བྱམས་པ་མགོན་པོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །རི་བོ་བྱ་རྐང་དགོན་པ་ན། །ཐོགས་མེད་སྐུ་མཆེད་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །རྒྱ་གར་འཇག་མའི་སྤྱིལ་བུ་ན། །ཨཱརྱ་དེ་ཝ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ལ་སྟོད་དིང་རི་གླ་འཁོར་ན། །དམ་པ་སངས་རྒྱས་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །གཡེ་ཡི་གངས་བར་དགོན་པ་ན། །བསོད་ནམས་བླ་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཟངས་རི་ཁང་དམར་དགོན་པ་ན། །མ་གཅིག་ལབས་སྒྲོན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །སྙེ་མོ་ཕུ་ཡི་དགོན་པ་ན། ཁུ་སྒོམ་ཆོས་སེང་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ལུང་དམར་ལྕང་གསར་དགོན་པ་ན། །དོལ་པ་ཟང་ཐལ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །དབུ་སྟོད་དཔལ་གྱི་ཆུ་རི་ན། །རྒྱ་ནག་གཅེར་བུ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །རབ་གྲོང་བསིལ་བའི་གླིང་གོང་ན། །སངས་རྒྱས་རབ་སྟོན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཟལ་མོ་བྲག་གི་མཐའ་རྩ་ན། །སངས་རྒྱས་དགེ་སློང་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། ཁ་རག་མོན་བུ་དགོན་པ་ན། །སུམ་པ་རས་པ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །རི་བོ་དཔལ་གྱི་དགོན་པ་ན། །སངས་རྒྱས་སྟོན་པ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །བསམ་གཏན་སྡིངས་ཀྱི་རི་ཁྲོད་ན། །མཁས་གྲུབ་ཆོས་རྗེ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །འཇག་ཆུང་དཔལ་གྱི་རི་ཁྲོད་དུ། །ཤངས་པ་སྟོན་པ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །འཇག་ཆུང་བླ་མའི་གདན་ས་རུ། །རིན་ཅེན་བློ་གྲོས་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །སྟག་ཚང་དཔལ་གྱི་རི་ཁྲོད་དུ། །ཚུལ་ཁྲིམས་མགོན་པོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །སྟག་རྩེ་ཆོས་ཀྱི་ཕོ་བྲང་དུ། །བསོད་ནམས་བཟང་(༥༠ན)པོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ངེས་མེད་གནས་ཀྱི་རི་ཁྲོད་དུ། །རྟོགས་ལྡན་ཉི་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །རྟ་ནག་རྡོར་གདན་གཟིམས་ཁང་དུ། །དོན་ཡོད་རྒྱལ་མཚན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཆོས་སྐུ་དག་པའི་ཕོ་བྲང་དུ། །ཀུན་དགའ་རྒྱལ་མཚན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །རྩ་བའི་བླ་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། །ཡི་དམ་ཁྲོས་ནག་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཉི་ཤུ་རྩ་བཞིའི་གནས་མཆོག་ཏུ། །དཔའ་བོ་མཁའ་འགྲོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །ཡེ་ཤེས་མགོན་པོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཚེ་འདི་བློ་ཡིས་ཐོངས་པ་དང་། །མི་རྟག་འཆི་བ་དྲན་པ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གཉན་ས་རི་ཁྲོད་འགྲིམ་པ་དང་། །ཕུང་པོ་བཟན་དུ་འཁྱུར་བ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདག་འཛིན་རྩད་ནས་ཆོད་པ་དང་། །བྱང་ཆུབ་སེམས་མཆོག་འབྱོངས་པ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རང་གཞན་དོན་གཉིས་མཐར་ཕྱིན་ནས། །སྤངས་རྟོགས་མཐར་ཕྱིན་སངས་རྒྱས་སུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །(༥༠བ)ཞེས་དཔལ་ལྡན་བླ་མའི་ཞལ་གྱི་བདུད་རྩི་དམ་པའོ། །མཁྱེན་ཡངས་མཁའ་ལ་ཐུགས་རྗེའི་ཆུ་འཛིན་འཁྲིགས། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཆར་པ་ཡིས། །ས་གསུམ་ཕན་བདེའི་ལོ་ཐོག་རྒྱས་མཛད་པ། །མཉམ་མེད་ཤཱཀྱའི་གཙོ་ལ་ཕྱག་འཚལ་ལོ། །མ་ལུས་རྒྱལ་བ་ཀུན་གྱི་ཐུགས་རྗེ་ནི། །གངས་རིའི་དབང་པོ་གར་གྱིས་རོལ་བ་ལྟའི། །གཟུགས་ཀྱིས་རབ་མཛེས་འཕགས་མཆོག་ཐུགས་རྗེའི་ལྷ། །རྗེ་བཙུན་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཡིད་འོང་ཆུ་སྐྱེས་མཛེས་པའི་གེ་སར་ལ། །ལེགས་འཁྲུངས་མ་ལུས་རྒྱལ་བ་ཀུན་གྱི་དངོས། །སྲིད་པ་གསུམ་ན་པདྨ་འབྱུང་གནས་ཞེས། །གྲགས་འབར་སྐྱེ་རྒུའི་གཉེན་ལ་ཕྱག་འཚལ་ལོ། །ཤཱཀྱའི་དབང་པོ་རྒྱལ་བ་ཀུན་གྱི་གཙོ། །སྙིགས་དུས་ལྔ་བརྒྱའི་གཙུག་རྒྱན་ཐམས་ཅད་མཁྱེན། །ཨ་ཏི་ཤ་ཞེས་འཇིག་རྟེན་མ་ལུས་པ། །གྲགས་པའི་དཔལ་གྱིས་ཁྱབ་ལ་ཕྱག་འཚལ་ལོ། །ལྷན་སྐྱེས་བདེ་བའི་རང་བཞིན་ཧེ་རུ་ཀ །མི་ཡི་གཟུགས་ཀྱིས་གར་མཛད་མར་པ་ཞེས། །སྙིང་ལ་དྲན་པས་སྲིད་ཞིའི་རྒུད་པ་ཀུན། །འཕྲོག་མཛད་སྒྲ་སྒྱུར་མཆོག་ལ་ཕྱག་འཚལ་ལོ། །གང་གི་རྨད་བྱུང་གྲགས་པའི་ཆ་ཤས་ཀྱང་། །བློ་ཆེན་ཀུན་གྱིས་དཔག་པར་མི་ནུས་ཤིང་། །གྲུབ་རྟགས་རྣམ་མང་ངོ་མཚར་གཏེར་གྱུར་པ། །དཔལ་ལྡན་གཡུ་བྲག་པ་ལ་ཕྱག་འཚལ་ལོ། །མཁྱེན་པའི་སྤྱན་གྱི་ཤེས་བྱ་མ་ལུས་གཟིགས། །འཇམ་དབྱངས་གཞོན་ནུ་ངུར་སྨྲིག་འཛིན་པའི་གཟུགས། །གནས་ལྔ་རིག་པའི་གཙུག་རྒྱན་ས་སྐྱ་པ། །ཀུན་དགའ་རྒྱལ་མཚན་ཞབས་(༥༡ན)ལ་ཕྱག་འཚལ་ལོ། །བློ་བཟང་དུས་གསུམ་རྒྱལ་བ་ཀུན་གྱི་དངོས། །གྲགས་པའི་བ་དན་འཇིག་རྟེན་གསུམ་ན་གཡོ། །སྙིགས་དུས་ཐུབ་བསྟན་ཉིན་མོར་བྱེད་པའི་དཔལ། །རྒྱལ་བ་གཉིས་པའི་ཞབས་ལ་ཕྱག་འཚལ་ལོ། །དཀའ་བ་བརྒྱ་ཕྲག་དུ་མས་བསྒྲུབ་དཀའ་བ། །གང་གི་དྲིན་ལས་སྐུ་གསུམ་གོ་འཕང་ཡང་། །ཚེ་གཅིག་ཉིད་ལ་བདེ་བླག་སྩོལ་མཛད་པ། །རྩ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་རབ་འབྱམས་རྒྱལ་བ་མ་ལུས་པའི། །དངོས་གྱུར་ཞིང་གི་དམ་པ་ཁྱེད་རྣམས་ལ། །གསོལ་བ་བཏབ་པས་ཚེ་རབས་ཐམས་ཅད་དུ། །རྗེས་སུ་བཟུང་ནས་བྱིན་གྱིས་རློབ་གྱུར་ཅིག །འགལ་རྐྱེན་བདུད་སྡེའི་བར་ཆད་ཀུན་ཞི་ཞིང་། །མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་འབྱོར་སོགས། །ཇི་ལྟར་འདོད་པ་ཆོས་དང་མཐུན་པའི་དོན། །ཐམས་ཅད་ཐོགས་པ་མེད་པར་འགྲུབ་པར་ཤོག །མདོ་དང་རྒྱུད་སྡེ་གསུང་རབ་མ་ལུས་པ། །ཚེ་རབས་ཀུན་དུ་འཛིན་ཅིང་སྤེལ་བ་དང་། །བསླབ་པ་གསུམ་སོགས་རྟོགས་པའི་ཡོན་ཏན་རྣམས། །མཐར་ཕྱིན་སྐུ་གསུམ་བརྙེས་པའི་བཀྲ་ཤིས་ཤོག །ཅེས་ཇ་ཆོས་རིན་པོ་ཆེའི་ཕྲེང་བ་འདི་ནི་ར་ས་འཕྲུལ་སྣང་དུ་གནང་བའོ། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ལྷུན་གྲུབ་བདེ་བ་ཆེན་པོའི་ཡེ་ཤེས་ཉིད། །དབང་པོའི་གཞུ་ལྟར་དངས་པའི་གར་མཛད་པ། །ཇི་སྙེད་དཀྱིལ་འཁོར་འཁོར་ལོ་ཀུན་གྱི་བདག ཁྱབ་བདག་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །མ་ལུས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །(༥༡བ)འཇམ་དབྱངས་ཞེས་གྲགས་རྒྱལ་སྲས་གཞོན་ནུའི་ཚུལ། །དྲན་པས་བློ་གྲོས་སྣང་བ་མཆོག་སྩོལ་བ། །འཇམ་དབྱངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །མགོན་པོ་མཆོག་དེའི་ཐུགས་རྗེའི་གཞན་དབང་ལས། །སྙིགས་དུས་ཐུབ་བསྟན་མིང་ཙམ་གྱུར་པའི་དུས། །ཉི་མ་ལྟ་བུར་གསལ་མཛད་བཙོང་ཁ་པ། །རྒྱལ་བ་གཉིས་པའི་ཞབས་ལ་གསོལ་བ་འདེབས། །མདོ་རྒྱུད་གསུང་རབ་ཀུན་གྱི་སྙིང་པོའི་དོན། །ཇི་བཞིན་གཟིགས་ནས་སྒྲུབ་པའི་རྒྱལ་མཚན་མཆོག །འཛིན་ལ་ས་སྟེང་འགྲན་ཟླ་མ་མཆིས་པའི། །རྗེ་བཙུན་ནོར་བུའི་ཞབས་ལ་གསོལ་བ་འདེབས། །བློ་ཕུགས་གཏད་ན་བསླུ་བ་མེད་པའི་སྐྱབས། །བླ་མ་སྐྱབས་གསུམ་ཁོ་ནར་ཐག་བཅད་ནས། །སྐྱབས་གནས་གཞན་དུ་འཚོལ་བའི་འཁྲི་བ་བཅད། །སྙིང་ནས་སྐྱབས་སུ་འཛིན་པར་བྱིན་གྱིས་རློབས། །གྲངས་མེད་སྐྱེ་བར་དོན་མེད་བྱ་བས་འདས། །ད་དུང་བསྒྲུབས་ཀྱང་ཟིན་ཚར་མི་འདུག་པས། །ཚེ་འདིའི་འཇིག་རྟེན་བྱ་བའི་འཁྲི་བ་ཅན། རྩེ་གཅིག་དམ་ཆོས་སྒྲུབ་པར་བྱིན་གྱིས་རློབས། །གཉེན་བཤེས་འཁོར་གཡོག་གྲངས་མེད་ཀྱིས་བསྐོར་ཀྱང་། །འཆི་ཚེ་རང་ཉིད་ཟླ་མེད་གཅིག་པུར་འགྲོ །གཉེན་དང་གྲོགས་ཀྱི་འཁྲི་བ་རྩད་བཅད་ནས། །གཅིག་པུར་དབེན་པ་བསྟེན་པར་བྱིན་གྱིས་རློབས། །ཟས་ནོར་ལོངས་སྤྱོད་བསྒྲུབ་དཀའ་འགྲུབ་ཀྱང་འདོར། །ཇི་ཙམ་ལོངས་སྤྱད་ཚིམ་པར་མི་འདུག་པས། །ཟས་ནོར་ལོངས་སྤྱོད་སྒྲུབ་པའི་འཁྲི་བ་ཅན། །འདོད་ཆུང་ཆོག་ཤེས་བསྟེན་པར་བྱིན་གྱིས་རློབས། །ལྷ་མིའི་གཞལ་མེད་ཁང་སོགས་ཉམས་དགའི་གནས། །(༥༢ན)གྲངས་མེད་ཐོབ་ཀྱང་དབང་མེད་ཉིད་དུ་བྲལ། །ད་ནི་གནས་ལ་ཞེན་པའི་འཁྲི་བ་བཅད། །དབེན་པའི་ནགས་ཁྲོད་བསྟེན་པར་བྱིན་གྱིས་རློབས། །ཐོག་མེད་དུས་ནས་འཁྲུལ་པའི་གཞན་དབང་གིས། །ཡུལ་ཀུན་བདེན་པར་སྣང་ཞིང་མངོན་པར་ཞེན། །དངོས་འཛིན་འཁྲུལ་པའི་རྩ་བ་རྩད་བཅད་ནས། །གནས་ལུགས་མཐར་ཐུག་རྟོགས་པར་བྱིན་གྱིས་རློབས། །འགྲོ་ཀུན་ཕ་མ་ཡིན་པར་མ་ཤེས་པར། །སྔོན་ཆད་ཆགས་སྡང་རྨོངས་པས་འཁོར་བར་འཁྱམས། །ཉེ་རིང་ཆགས་སྡང་འཁྲི་བ་རྩད་བཅད་ནས། །སྐུ་གསུམ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་འདི་ནི་དཔོན་སོ་རབ་གསལ་ནས་འདི་ལྟ་བུའི་གསོལ་འདེབས་ཅིག་གྱིས་ཤིག་ཅེས་བསྐུལ་བའི་ངོར་ཆོས་སྨྲ་བའི་བཙུན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་ཆོས་གྲྭ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་དགའ་ལྡན་ཕོ་བྲང་དུ་སྦྱར་བའོ།། །།

                                                                                                       རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
            གསལ་འདེབས།
    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།