དཔལ་ལྡན་ཞལ་བཞི་པའི་ཉེ་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་པ་བྱིན་རླབས་ཀྱི་བང་མཛོད།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2017-09-13 16:37:55     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

 

IMG_4176.JPG

 

ལྷན་སྐྱེས་བདེ་བའི་རང་བཞིན་ཆོས་ཀྱི་སྐུ། །དབང་པོའི་གཞུ་ལྟར་དྭངས་པའི་ལོངས་སྤྱོད་རྫོགས། །གང་འདུལ་ཅིར་ཡང་འཆར་(༤༧ན)བ་སྤྲུལ་པའི་སྐུ། ཁྱབ་བདག་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ངེས་དོན་ཡིད་བཞིན་རྒྱ་མཚོར་དབང་སྒྱུར་ཞིང་། །གཉིས་མེད་རྟོགས་པའི་ཡེ་ཤེས་མདའ་བོ་ཆེས། །སྲིད་གསུམ་རྨོངས་པའི་དགྲ་སྡེ་ལས་རྒྱལ་བ། །འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །རང་བྱུང་ལྷན་ཅིག་སྐྱེས་པའི་ཉི་འོད་ཀྱིས། །སྟོང་ཉིད་མཁའ་དབྱིངས་མཛེས་མར་རྟག་རོལ་ཡང་། །མི་འདྲའི་རྣམ་འཕྲུལ་དུ་མའི་ཟློས་གར་མཁན། །གྲུབ་མཆོག་རི་ཁྲོད་ཞབས་ལ་གསོལ་བ་འདེབས། །དཔལ་ལྡན་བྱང་ཆུབ་སེམས་ཀྱི་ལུས་སྟོབས་རྒྱས། །རྟེན་འབྲེལ་རིགས་པའི་གང་རྒྱངས་མི་བཟད་པས། །དངོས་འཛིན་རི་དྭགས་ཚོགས་ཀྱི་སྲོག་འཕྲོག་པ། །སྨྲ་བའི་སེང་གེ་མཆོག་ལ་གསོལ་བ་འདེབས། །དམ་པ་དུ་མའི་ཐུགས་ཀྱི་ཆུ་གཏེར་ལས། །དད་བརྩོན་དེད་དཔོན་མཆོག་གིས་ལེགས་བསྒྲུབས་པའི། །བློ་གྲོས་བང་མཛོད་མན་ངག་རིན་ཅེན་གཏེར། །འགྲོ་བའི་རེ་འདོད་སྐོང་ལ་གསོལ་བ་འདེབས། །ཕན་བདེའི་ལོ་ཐོག་སྐྱེད་པའི་འཛིན་མ་སྟེ། །དངོས་གྲུབ་འདོད་དགུའི་འབྱུང་གནས་ཡིད་བཞིན་ནོར། །ལེགས་བཤད་བདུད་རྩིའི་ཆར་འབེབས་ཆོས་ཀྱི་སྤྲིན། །རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས། །དམིགས་མེད་སྙིང་རྗེ་བདག་ཉིད་ཆོས་ཀྱི་སྐུ། །བསྟན་པ་བསྲུང་ཕྱིར་འཇིགས་རུང་དྲག་པོའི་གཟུགས། །བར་ཆད་ཀུན་སེལ་དངོས་གྲུབ་མ་ལུས་པ། །སྩོལ་མཛད་ནག་པོ་(༤༧བ)ཆེ་ལ་གསོལ་བ་འདེབས། །རྩ་བརྒྱུད་བླ་མ་ཀུན་དང་ངང་གཅིག་པ། །དཔལ་ལྡན་སྟོབས་འཕྲོག་ནག་པོ་ཡབ་ཡུམ་གྱི། །བྱིན་རླབས་བདུད་རྩིའི་ཆུ་བོས་དུས་ཀུན་དུ། །སྙིང་གི་བུམ་བཟང་གང་བ་ཐོབ་གྱུར་ཅིག །ཅེས་དཔལ་ལྡན་ཞལ་བཞི་པའི་ཉེ་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་པ་བྱིན་རླབས་ཀྱི་བང་མཛོད་ཅེས་བྱ་བ་འདི་ནི་ནང་སོ་སྐྱ་རྒྱལ་དབང་པོའི་གསུང་གིས་བསྐུལ་ནས་དགེ་འདུན་རྒྱ་མཚོའི་དཔལ་གྱིས་སྨྲས་པའི་ཡི་གེ་པ་ནི་བློ་གྲོས་ཀྱི་ནོར་དང་ལྡན་པ་གཞོན་ནུ་མགོན་པོས་བགྱིས་སོ།། །། 

                                                                                      རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
   གསལ་འདེབས།
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                  དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

 

བརྒྱུད་འགོད།