ཞལ་བཞིའི་བརྒྱུད་པ་ལ་གསོལ་བ་འདེབས་པ་བྱིན་རླབས་ཀྱི་བང་མཛོད།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-13 16:16:54     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

 3860403_095847018605_2.jpg

 

སྐུ་བཞིའི་བདག་ཉིད་རྒྱལ་བ་རྡོ་རྗེ་འཆང་། །སྣ་ཚོགས་སྤྲུལ་པའི་གར་མཛད་ཤ་ཝ་རི། །དམིགས་མེད་ཆོས་སྐུའི་བདག་ཉིད་མཻ་ཏྲི་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གྲུབ་པ་མཆོག་བརྙེས་རྗེ་བཙུན་རཱ་ཧུ་ལ། །དབང་ཕྱུག་བརྒྱད་ལྡན་ཁྱུང་པོ་རྣལ་འབྱོར་ཞབས། །སྤངས་རྟོགས་མཐར་ཕྱིན་གྲུབ་ཆེན་རྨོག་ལྕོག་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐུགས་རྗེའི་བདག་ཉིད་དཔལ་ལྡན་སྐྱེར་སྒང་པ། །ཆོས་དྲུག་ལམ་ལ་མངའ་བརྙེས་གཉན་སྟོན་པ། །ཉམས་རྟོགས་མངའ་བདག་ཆོས་རྗེ་སྟོན་པའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁས་ཤིང་གྲུབ་པ་བརྙེས་པའི་ཤངས་སྟོན་པ། །ཡོན་ཏན་གཏེར་གྱུར་མུས་(༤༥ན)ཆེན་རྒྱལ་མཚན་དཔལ། །སྔགས་འཆང་དབང་པོ་རྡོ་རྗེ་གཞོན་ནུ་དང་། །གྲུབ་མཆོག་དམ་པ་ནམ་མཁའི་རྣལ་འབྱོར་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁས་གྲུབ་བསྟན་པའི་མངའ་བདག་དགེ་ལེགས་དཔལ། །མཐུ་སྟོབས་མཐར་ཕྱིན་བཟང་པོ་རྒྱལ་མཚན་དང་། །བཀའ་དྲིན་མཉམ་མེད་རྗེ་བཙུན་ཨཱ་ནཱན་ཏ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བར་ཆད་ཀུན་སེལ་མགོན་པོ་སྤྱན་རས་གཟིགས། །དངོས་གྲུབ་ཀུན་སྩོལ་མགོན་པོ་ཡིད་བཞིན་ནོར། །བླ་མ་མགོན་པོ་དབྱེར་མེད་ཐུགས་རྗེ་ཅན། །གསོལ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སངས་རྒྱས་བསྟན་པ་དར་བར་བྱིན་གྱིས་རློབས། །བསྟན་འཛིན་སྐུ་ཚེ་བརྟན་པར་བྱིན་གྱིས་རློབས། །འགྲོ་ཀུན་ཕན་བདེ་རྒྱས་པར་བྱིན་གྱིས་རློབས། །ཚེ་དང་བསོད་ནམས་འཕེལ་བར་བྱིན་གྱིས་རློབས། །ནད་གདོན་བར་ཆད་ཞི་བར་བྱིན་གྱིས་རློབས། །རིགས་རྒྱུད་ལོངས་སྤྱོད་རྒྱས་པར་བྱིན་གྱིས་རློབས། །བསམས་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་གདུང་ཤུགས་དྲག་པོས་གསོལ་བ་གདབ་བོ། །ཡང་བརྒྱུད་པ་གཅིག་ལ་ཤངས་སྟོན་ཡན་འདྲ་བ་ལ། །ཟབ་མོའི་རྟོགས་པ་མཐར་སོན་རྒྱལ་མཚན་འབུམ། །འགྲོ་བའི་སྐྱབས་གཅིག་འཇག་ཆེན་བྱམས་པ་དཔལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྐད་གཉིས་སྨྲ་བ་དོན་གྲུབ་བཟང་པོ་དང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ། །ལུང་རྟོགས་མངའ་བདག་རིན་ཅེན་རྒྱལ་མཚན་ལ། །གསོལ་(༤༥བ)བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བསླབ་གསུམ་རྒྱུན་ལྡན་གྲགས་པ་རིན་ཅེན་ཞབས། །མཁས་པ་ཆེན་པོ་པྲ་ཛྙཱ་དྷཱ་ཚ་དང་། །གསང་བའི་བདག་པོ་ཡེ་ཤེས་རྩེ་མོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དེ་ནས། བར་ཆད་ཀུན་སེལ། ཞེས་སྦྱར་རོ། །ཞེས་པ་འདི་དཔོན་ས་བདག་མོ་སངས་རྒྱས་དཔལ་འཛོམ་པས་གསོལ་བ་བཏབ་པའི་ངོར་ཆོས་སྨྲ་བའི་བཙུན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་སྐྱོར་མོ་ལུང་གི་རྫོང་དུ་སྦྱར་བའོ། །རྡོ་རྗེ་འཆང་དངོས་རྩ་བརྒྱུད་བླ་མ་དང་། །ལྷན་སྐྱེས་བདེ་བའི་རང་བཞིན་ཧེ་རུ་ཀ །བསྟན་པ་སྲུང་མཛད་དཔལ་ལྡན་ཞལ་བཞི་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དབང་ཕྱུག་བརྒྱད་ལྡན་ཁྱབ་བདག་རྡོ་རྗེ་འཆང་། །ངེས་དོན་རྒྱ་མཚོའི་ལྗིང་གནས་ཀླུ་སྒྲུབ་ཞབས། །གྲུབ་པ་མཆོག་བརྙེས་བ་ལིཾ་ཏ་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇམ་དབྱངས་སྲས་པོ་སངས་རྒྱས་ཡེ་ཤེས་ཞབས། །འདུས་པ་རྒྱ་མཚོའི་དོན་རྟོགས་མར་མེ་མཛད། །ཕུལ་བྱུང་རྟོགས་པ་མཐར་སོན་དཔལ་སྡེ་བ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ལུང་རྟོགས་མཛོད་འཛིན་བི་མ་ལ་པ་དང་། །མཁས་པ་ཆེན་པོ་རིན་ཅེན་རྡོ་རྗེ་དང་། །ཡོན་ཏན་རིན་ཅེན་གཏེར་གྱུར་གྲགས་པའི་མཚན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ལྷན་ཅིག་སྐྱེས་དངོས་རི་སུལ་རྣལ་འབྱོར་མ། །སྐད་གཉིས་སྨྲ་བའི་གཙུག་རྒྱན་དར་མ་གྲགས། །དཔལ་(༤༦ན)ལྡན་མགོན་པོ་རྗེས་བཟུང་ཁའུ་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གྲུབ་པོའི་དབང་ཕྱུག་ས་ཆེན་ཀུན་སྙིང་དང་། །ཚོགས་གཉིས་མཐར་སོན་རྗེ་བཙུན་རྩེ་མོའི་ཞབས། །སྔགས་འཆང་དབང་པོ་གྲགས་པ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་ལྔ་མཐར་སོན་ས་སྐྱ་པཎྜི་ཏ། །ས་གསུམ་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས། །དཀོན་ཅོག་གསུམ་དངོས་སངས་རྒྱས་བསྟན་པའི་དཔལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཟབ་མོའི་དོན་རྟོགས་ན་བཟའ་བྲག་ཕུག་པ། །འཇམ་དབྱངས་རྣམ་སྤྲུལ་བསོད་ནམས་རྒྱལ་མཚན་དང་། །མཐུ་སྟོབས་དབང་ཕྱུག་རྗེ་བཙུན་གཟུངས་ཀྱི་དཔལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་ལྔའི་དོན་རྟོགས་སེང་གེ་རྒྱལ་མཚན་དང་། །བཀའ་བརྒྱུད་བསྟན་པའི་སྲོག་ཤིང་གུ་ན་ཤྲཱི །རྡོ་རྗེ་འཆང་དབང་རྗེ་བཙུན་ཨཱ་ནན་ཏ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྩ་བ་བརྒྱུད་པའི་བླ་མ་ཀུན་གྱི་དངོས། ཁྱབ་བདག་ཧེ་རུ་ཀ་དང་རོ་གཅིག་པ། །དྲན་པས་བར་ཆད་ཀུན་སེལ་ནག་པོ་ཆེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཡིད་བཞིན་ནོར་ལྟར་གདུལ་བྱའི་རེ་བ་སྐོང་། །རྡོ་རྗེའི་ཐོག་ལྟར་དགྲ་བགེགས་ཕྱེ་མར་འཐག །དཔག་བསམ་ཤིང་ལྟར་དངོས་གྲུབ་ཆར་འབེབས་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བསྟན་ལ་གནོད་བྱེད་ཐལ་བར་རློག་པ་དང་། །(༤༦བ)དམ་ཚིག་ལྡན་པའི་རྣལ་འབྱོར་བུ་བཞིན་དུ། །སྐྱོང་མཛད་རྡོ་རྗེ་ནག་པོ་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བླ་མ་ཡི་དམ་ཆོས་སྐྱོང་དབྱེར་མེད་དུ། །འབྲལ་མེད་སྙིང་གི་པདྨོར་རྟག་བསྟེན་ནས། །རྩེ་གཅིག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །མ་གཡེལ་མ་གཡེལ་མྱུར་དུ་བྱིན་གྱིས་རློབས། །འདི་ན་དམ་ཆོས་སྒྲུབ་པའི་མི་མཐུན་ཕྱོགས། །ཕྱི་དང་ནང་གི་བར་ཆད་མ་ལུས་པ། །ཁྱོད་ཞབས་དྲན་པའི་མོད་ལ་མི་སེལ་ན། །མཐུ་ལྡན་ཁྱོད་ལ་བརྟེན་པའི་དགོས་པ་ཅི། །མགོན་ཁྱོད་ཐུགས་རྗེ་མཐུ་རྩལ་དཔག་དཀའ་ཞིང་། །ཕ་ལྟར་བྱམས་ཤིང་མ་ལྟར་སྙིང་ཉེ་ཞེས། །ཐོས་ནས་འབྲལ་བ་མེད་པར་ཁྱོད་བསྟེན་ན། །བདག་གི་རེ་བའི་འབྲས་བུ་མཆིས་པར་མཛོད། །དངོས་གྲུབ་འབྱུང་གནས་རྩ་བརྒྱུད་བླ་མ་དང་། །བར་ཆད་ཀུན་སེལ་ནག་པོ་ཡབ་ཡུམ་ལ། །གསོལ་བ་བཏབ་པས་བདག་གཞན་མ་ལུས་པ། །དོན་གཉིས་མཐར་ཕྱིན་སྐུ་གསུམ་ལྷུན་གྲུབ་ཤོག །ཅེས་ཞལ་བཞིའི་བརྒྱུད་པ་ལ་གསོལ་བ་འདེབས་པ་བྱིན་རླབས་ཀྱི་བང་མཛོད་ཅེས་བྱ་བ་འདི་ནི་སྔ་གོང་ནས་ཀྱང་དོན་གཉེར་ཅན་མང་པོས་བསྐུལ་ཞིང་། ཁྱད་པར་དུ་སྔགས་འཆང་རྣམ་དཔྱོད་ལྡན་པ་ནམ་མཁའ་རྣམ་རྒྱལ་བས་བསྐུལ་པའི་ངོར་དགེ་འདུན་རྒྱ་མཚོའི་དཔལ་གྱིས་འོལ་ཁ་གཞིས་ཀ་ཤམྦྷ་ལར་སྦྱར་བའོ།། །།

                                                                                       རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
  གསལ་འདེབས།
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།