བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་མཁའ་སྤྱོད་དུ་འཁྲིད་པའི་ཕོ་ཉ་ཞེས་བྱ་བ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-04 16:02:02     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

 

img_8835.jpg

མི་འགྱུར་བདེ་ཆེན་ཆོས་ཀྱི་སྐུ། ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས། ཁྱབ་བདག་རྡོ་རྗེ་འཆང་དབང་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གྲུབ་པའི་གོ་འཕང་མཆོག་བརྙེས་ཀྱང་། །སྣ་ཚོགས་སྤྲུལ་པས་གཞན་དོན་མཛད། །གྲུབ་མཆོག་ཤ་ཝ་རི་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མགོན་དེའི་གདམས་པ་བདུད་རྩིའི་ཆུས། །སྙིང་ལ་སྐལ་བཟང་ཅི་ཡང་བྱིན། །གནས་ལྔ་མཐར་སོན་མཻ་ཏྲི་པ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དབང་ཕྱུག་བརྒྱད་ལྡན་རྡོ་རྗེ་འཆང་། །བཤེས་གཉེན་ཚུལ་བཟུང་གྲུབ་པའི་རྗེ། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྒྱལ་བའི་ཡབ་གཅིག་པད་དཀར་ཅན། །དགེ་སློང་ཚུལ་བཟུང་དཀོན་ཅོག་མཁར། །མགོན་པོའི་བཀའ་བབས་ལ་སྟོད་པ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆོས་བརྒྱད་འཆིང་ལས་རྣམ་གྲོལ་བའི། །རྟོགས་ལྡན་ཞང་སྒོམ་ཆོས་སེང་དང་། །ཐུགས་རྗེ་ཆེན་པོ་སྐྱེར་སྒང་པ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆོས་དྲུག་ལམ་ལ་མངའ་བརྙེས་པའི། །གཉན་སྟོན་སྦས་པའི་རྣལ་འབྱོར་དང་། །འགྲོ་མགོན་ཆོས་རྗེ་སྟོན་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བཀའ་བརྒྱུད་བསྟན་པ་འཛིན་པའི་གཙོ། །མཁས་གྲུབ་གཙང་མ་ཤངས་སྟོན་དང་། །མུས་ཆེན་རྒྱལ་མཚན་དཔལ་(༤༤ན)བཟང་ལ། །གསོལ་བ་འདེབས་བྱིན་གྱིས་རློབས། །རིགས་སྔགས་འཆང་བ་ཀུན་གྱི་རྗེ། །དཔལ་ལྡན་རྡོ་རྗེ་གཞོན་ནུ་དང་། །མཉམ་མེད་ནམ་མཁའི་རྣལ་འབྱོར་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན། །འཛམ་གླིང་མཁས་པ་ཀུན་གྱི་དཔལ། །མཉམ་མེད་དགེ་ལེགས་དཔལ་བཟང་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གྲུབ་ཆེན་བཟང་པོ་རྒྱལ་མཚན་དང་། །རྡོ་རྗེ་འཆང་དབང་སྤྲུལ་པའི་སྐུ། །འཇམ་དབྱངས་ཀུན་དགའ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གསང་བའི་ཆུ་སྐྱེས་སྦྲང་རྩིའི་རོས། །གདུལ་བྱའི་བུང་བ་ཚིམ་མཛད་པ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་ནང་བར་ཆད་ཀུན་སེལ་ཞིང་། །རྣལ་འབྱོར་བུ་བཞིན་སྐྱོང་མཛད་པའི། །ཕྱག་དྲུག་ཡེ་ཤེས་མགོན་པོ་ལ། །གསོལ་བ་འདེབས་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །དྲན་པ་ཙམ་གྱིས་སྩོལ་མཛད་པ། །མགོན་པོ་ཡིད་བཞིན་ནོར་བུ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལྷན་ཅིག་སྐྱེས་པ་བདེ་བའི་དངོས། །སྐལ་ལྡན་སྙིང་ལ་སྩོལ་མཛད་པའི། །བླ་མ་མགོན་པོ་དབྱེར་མེད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཚེ་འདིའི་འགལ་རྐྱེན་ཀུན་སེལ་ཞིང་། །ཕྱི་མའི་ལམ་སྣ་འདྲེན་མཛད་པའི། །མགོན་པོ་བླ་མ་དབྱེར་མེད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འབྲལ་མེད་སྙིང་གའི་པདྨོའི་དབུས། །མགོན་པོ་བླ་མ་དབྱེར་མེད་པར། །(༤༤བ)བཞུགས་པའི་བྱིན་རླབས་བདུད་རྩིའི་ཆུས། །ཡིད་ཀྱི་བུམ་བཟང་གང་བར་ཤོག །ཚེ་འདིའི་སྣང་བ་འགག་པའི་ཚེ། །ཕྲ་བའི་རླུང་སེམས་མགོན་པོའི་གཟུགས། །ཟླ་ཚེས་ལྟར་དཀར་རྗེ་བཙུན་མའི། །རྣམ་རྒྱས་པདྨོར་འཇུག་པར་ཤོག །དེ་ཚེ་སྟོང་པའི་ངང་ཞུགས་པའི། །བདེ་ཆེན་འོད་གསལ་འཆར་བ་དང་། །མཁའ་སྤྱོད་གནས་སུ་ཧེ་རུ་ཀའི། །གོ་འཕང་མངོན་དུ་འགྱུར་བར་ཤོག །

མགོན་པོ་སྙིང་ཞུགས་འཕོ་བ་དང་བཅས་པ་ཐུན་མོང་མ་ཡིན་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་མཁའ་སྤྱོད་དུ་འཁྲིད་པའི་ཕོ་ཉ་ཞེས་བྱ་བ་འདི་ནི་བཙུན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་གོ་བདེ་བར་བགྱིས་པ་སྟེ། རྒྱུན་གྱི་རྣལ་འབྱོར་དུ་འོས་པ་ཁོ་ན་ཡིན་ནོ།། །།

                                                              

                                                                                                                                                རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
       གསལ་འདེབས།
 རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
      དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།