སྐུ་གསུམ་མྱུར་ཐོབ་གསོལ་བ་འདེབས། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-04 14:58:21     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

IMG_1208.JPG

ན་མོ་ལོ་ཀེ་ཤྭ་ར་ཡེ། མཚན་དཔེའི་ཆ་ཤས་ཡོངས་སུ་རྫོགས་པའི་སྐུ། །ཡན་ལག་དྲུག་ཅུའི་བསིལ་ཟེར་འགྱེད་པའི་གསུང་། །ཤེས་བྱའི་མཁའ་ལ་ཐོགས་པ་མེད་པའི་ཐུགས། །འཕགས་མཆོག་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །སྐུ་གསུམ་གོ་འཕང་མཐོན་པོའི་རྩེར་སོན་ཀྱང་། །བགྲང་ཡས་སྤྲུལ་པའི་རྣམ་རོལ་སྣ་ཚོགས་ཀྱིས། །ངོ་མཚར་མཛད་པའི་གར་གྱིས་རྣམ་རོལ་བ། །གྲུབ་ཆེན་མི་ཏྲའི་ཞབས་ལ་གསོལ་བ་འདེབས། །བྱམས་པའི་རྣམ་འཕྲུལ་སྒྲ་སྒྱུར་བྱམས་པའི་དཔལ། །ཚོགས་གཉིས་མཐར་ཕྱིན་བསོད་ནམས་དབང་ཕྱུག་དང་། །རྒྱལ་སྲས་དབང་པོ་བསོད་ནམས་སེང་གེའི་ཞབས། །ས་བཅུའི་དབང་ཕྱུག་གསུམ་ལ་གསོལ་བ་འདེབས། །ལུང་རིགས་མངའ་བདག་རིན་ཅེན་སེང་གེ་དང་། །རྒྱལ་བ་གཉིས་པ་ཀུན་མཁྱེན་རིན་ཅེན་གྲུབ། །སྔགས་འཆང་དབང་པོ་གཞོན་ནུ་བསོད་ནམས་ཏེ། །བསྟན་པའི་མངའ་བདག་གསུམ་ལ་གསོལ་བ་འདེབས། །དབང་ཕྱུག་བརྒྱད་ལྡན་བློ་བཟང་གྲགས་པའི་དཔལ། །འཛམ་གླིང་སྨྲ་བའི་ཁྱུ་མཆོག་དགེ་ལེགས་དཔལ། །ལུང་རྟོགས་མངའ་བདག་ཆོས་ཀྱི་(༤༢ན)རྒྱལ་མཚན་ཞབས། །སྐུ་གསུམ་མངོན་གྱུར་ཞབས་ལ་གསོལ་བ་འདེབས། །རྒྱལ་བའི་ཡབ་གཅིག་འཇམ་དབྱངས་གཞོན་ནུ་ནི། །འགྲོ་ལ་ལེགས་བཤད་དགའ་སྟོན་སྩལ་བའི་སླད། །བློ་གྲོས་མཁའ་ལྟར་ཡངས་པའི་བཤེས་གཉེན་གྱི། །ཚུལ་བཟུང་བླ་མ་མཆོག་ལ་གསོལ་བ་འདེབས། །ཇི་སྙེད་གདུལ་བྱའི་ཁམས་དང་བསམ་པ་བཞིན། །རྒྱལ་བས་བཀའ་སྩལ་རབ་འབྱམས་གསུང་རབ་ཀུན། །འདི་ཕྱི་བར་དོའི་ཉམས་ལེན་སྙིང་པོ་རུ། །དྲིལ་ནས་ནམས་སུ་ལེན་པར་བྱིན་གྱིས་རློབས། །སྤྱི་བོར་བླ་མ་སྙིང་གར་ལྷག་པའི་ལྷ། །ལེགས་བསྒོམས་དཔག་མེད་འོད་ཟེར་སྤྲོ་བསྡུ་ཡིས། །སྣོད་བཅུད་ཞིང་སྦྱོང་ཆོས་ཀུན་རང་བཞིན་གྱིས། །སྟོང་པ་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །རང་ལུགས་འཁོར་གསུམ་དག་པའི་མཆོད་སྦྱིན་དང་། །ཚེ་འདིའི་ཕུན་ཚོགས་ཀུན་ལ་ཞེན་པ་ནི། །དོར་ནས་རང་སེམས་འོད་ཀྱི་སྦུ་གུ་ནས། །ཐོགས་མེད་དགའ་ལྡན་འཇུག་པར་བྱིན་གྱིས་རློབས། །བརྟན་གཡོའི་དངོས་ཀུན་སྒྱུ་མ་རྨི་ལམ་ལྟར། །མཐོང་ནས་ཕྱི་ནང་གསང་བ་བསྒྱུར་བྱས་ཏེ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་བྱང་ཆུབ་སེམས། །མྱུར་དུ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །དེ་ལྟར་ཟབ་མོའི་ལམ་གྱི་ཉམས་ལེན་གྱིས། །ཆོས་ཀུན་མཁྱེན་པའི་དབང་པོ་མྱུར་ཐོབ་ནས། །ཕྱག་ན་པདྨོའི་རྣམ་ཐར་ཇི་བཞིན་དུ། །རྟག་ཏུ་ལུས་ཅན་ཀུན་གྱི་དོན་བགྱིད་ཤོག །འདི་ནི་བློ་བཟང་བསྟན་པའི་རྗེས་(༤༢བ)ཞུགས་ནས། །མདོ་སྔགས་རབ་འབྱམས་སྨྲ་བའི་བཤེས་གཉེན་གྱིས། །ནན་གྱིས་བསྐུལ་ཚེེ་རྣམ་གཡེང་དྲ་བ་ཡི། །གཟེབ་ཏུ་ཚུད་ཀྱང་ཐོགས་མེད་ཡི་གེར་བཀོད། །  རྒྱལ་བ་ཀུན་གྱི་མཁྱེན་བརྩེ་མ་ལུས་པ། །ལྔ་བརྒྱའི་གཙུག་རྒྱན་མར་མེ་མཛད་དཔལ་ཞེས། །གནས་ལྔའི་རིགས་པའི་པཎ་ཆེན་ཚུལ་འཛིན་པ། །དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས། །དམིགས་མེད་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། །ནམ་མཁའི་མཐས་ཁྱབ་ཞིང་ཁམས་ཐམས་ཅད་དུ། །སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་མཛད་པ། །འབྲོམ་སྟོན་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །གང་གི་མཚན་ཙམ་རྣ་བར་ལྷུང་བས་ཀྱང་། །ཕྱི་ནང་འཇིགས་བརྒྱད་ཉེར་འཚེ་ཀུན་ལས་སྐྱོབ། །འཆི་མེད་ཚེ་དང་ཡེ་ཤེས་མཆོག་སྩོལ་བའི། །འཕགས་མ་ཡིད་བཞིན་འཁོར་ལོར་གསོལ་བ་འདེབས། །ཀཻ་ལ་ཤ་ལྟར་མཆོག་ཏུ་མཛེས་པའི་སྐུ། །ཚངས་པའི་དབྱངས་ཀྱིས་འགྲན་དུ་མེད་པའི་གསུང་། །ཤེས་བྱ་མ་ལུས་ཅིག་ཅར་གཟིགས་པའི་ཐུགས། །བཀྲ་ཤིས་དཔལ་འབར་མ་ལ་གསོལ་བ་འདེབས། །སྐྱོན་གྱིས་མ་གོས་པད་དཀར་ཟླ་བའི་སྟེང་། །ཞབས་གཉིས་མི་ཕྱེད་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །སྒེག་ཅིང་ཡིད་འོང་བཅུ་དྲུག་ལོན་པའི་ཉམས། །རྗེ་བཙུན་ཨུཏྤལ་བསྣམས་ལ་གསོལ་བ་འདེབས། །མདོ་རྒྱུད་གསུང་རབ་མ་ལུས་ཐུགས་ཆུད་ནས། །ཚེ་འདི་བློས་བཏང་སྒྲུབ་པ་སྙིང་པོར་མཛད། །མཁས་ཤིང་གྲུབ་པའི་དབང་ཕྱུག་ཐམས་ཅད་མཁྱེན། །ནོར་(༤༣ན)བཟང་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །འདི་ཕྱིའི་ལེགས་ཚོགས་ཀུན་གྱི་འབྱུང་གནས་ཏེ། །དངོས་གྲུབ་གཉིས་ཀྱི་ཆར་འབེབས་ཡིད་བཞིན་ནོར། །རྒྱལ་བས་སྐྱབས་གསུམ་ངོ་བོར་རབ་བསྔགས་པའི། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། དུས་གསུམ་རྒྱལ་བ་མ་ལུས་མཆོད་པ་ལས། །གང་གི་བ་སྤུའི་ཁུང་བུ་གཅིག་མཆོད་པའང་། །བསོད་ནམས་གཞལ་དུ་མེད་པར་རྒྱལ་བས་གསུངས། །དྲིན་ཅན་བླ་མ་མཆོག་ལ་གསོལ་བ་འདེབས། །བླང་དོར་གནས་ཀུན་གསལ་མཛད་སྒྲོན་མེ་སྟེ། །ཐར་པའི་ལམ་དུ་འཁྲིད་པའི་དེད་དཔོན་མཆོག །འགྲོ་ལ་ལམ་བཟང་སྩོལ་བའི་མིག་གཅིག་པུ། །བསྔགས་འོས་བཤེས་གཉེན་མཆོག་ལ་གསོལ་བ་འདེབས། །སྐྱབས་གནས་དམ་པ་རྣམས་ཀྱི་བཀའ་དྲིན་ལས། །འགལ་རྐྱེན་བདུད་སྡེའི་བར་ཆད་ཀུན་ལས་རྒྱལ། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་རྒྱས། །བསམས་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །རང་ལུས་འཕགས་མར་གསལ་བའི་ཏིང་འཛིན་དང་། །ཡི་གེ་བཅུ་པའི་རིགས་སྔགས་བཟླས་རྗོད་ཀྱིས། །འཆི་བདག་གཤིན་རྗེའི་འཇིགས་པ་ལས་གྲོལ་ནས། །འཆི་མེད་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །ཡུན་རིང་གནས་པའི་ཚེ་ལ་དབང་ཐོབ་ནས། །མདོ་སྔགས་ལམ་གྱི་གནད་དོན་ཀུན་རྫོགས་པའི། །འཁྲུལ་མེད་ཏིང་འཛིན་དཔའ་ལ་རྣམ་རོལ་ཞིང་། །སྐུ་གསུམ་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །ཞེས་པ་འདི་ནི་(༤༣བ)དབོན་པོ་འཕགས་པ་རྒྱལ་མཚན་གྱིས་བསྐུལ་བའི་ངོར་དགེ་འདུན་རྒྱ་མཚོའི་དཔལ་གྱིས་སྨྲས་པའོ།། །།

                               

                                                རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
    གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
      དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།