བཀའ་བརྒྱུད་གོང་མ་རྣམས་དང་ཕག་མོ་གྲུའི་གདན་ས་ཆེན་པོར་བྱོན་དང་འབྱོན་འགྱུར་བའི་སྤྱན་སྔ་རྣམས་ལ་གུས་པས་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-31 21:44:29     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

y5y5IMG_3735.JPG

བླ་མ་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྒྲིབ་བྲལ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །དབང་པོའི་གཞུ་ལྟར་དང་བ་ལོངས་སྤྱོད་རྫོགས། །གང་འདུལ་ཅིར་ཡང་འཆར་བ་སྤྲུལ་པའི་སྐུ། ཁྱབ་བདག་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །རིང་ནས་གོ་འཕང་མཐོན་པོའི་རྩེར་གཤེགས་ཀྱང་། །སྣ་ཚོགས་སྤྲུལ་པའི་ཟློས་གར་བགྲང་ཡས་ཀྱིས། །སྐལ་ལྡན་འགྲོ་བ་ཀུན་གྱི་དོན་མཛད་པ། །གྲུབ་མཆོག་ཏི་ལི་པ་ལ་གསོལ་བ་འདེབས། །མཁས་པའི་གྲགས་པས་ས་སྟེང་ཀུན་དུ་ཁྱབ། །དྲི་མེད་རིགས་པས་རྒོལ་བ་ཚར་བཅད་དེ། །ངལ་བརྒྱས་བླ་མ་ཉེར་བསྟེན་གྲུབ་པ་བརྙེས། །པཎ་ཆེན་ནཱ་རོའི་ཞབས་ལ་གསོལ་བ་འདེབས། །གྲུབ་མཆོག་རི་ཁྲོད་ཞབས་ཀྱིས་རྗེས་སུ་བཟུང་། །གནས་ལྔ་མཐར་སོན་མཁས་པའི་གཙུག་གི་རྒྱན། །རང་བྱུང་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི། །འབྱུང་གནས་མཻ་ཏྲི་པ་ལ་གསོལ་བ་འདེབས། །རིགས་ཀུན་ཁྱབ་བདག་དཔལ་ལྡན་ཧེ་རུ་ཀ །མི་ཡི་གཟུགས་ཀྱིས་རྣམ་རོལ་མར་པ་ཞེས། །སྒྱུབ་རྒྱུད་བསྟན་པའི་འབྱུང་གནས་གྲགས་པའི་གཏེར། །སྒྲ་སྒྱུར་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །མགོན་དེའི་གདམས་པས་སྙིགས་དུས་ཚེ་གཅིག་ལ། །མངོན་པར་སངས་རྒྱས་མི་ལ་རས་པ་ཞེས། །གྲགས་པས་(༤༠ན)ཚངས་པའི་འཇིག་རྟེན་རེག་པ་ཅན། །རྗེ་བཙུན་བཞད་པ་རྡོ་རྗེར་གསོལ་བ་འདེབས། །དཔལ་ལྡན་ནཱ་རོ་པ་དང་ཨ་ཏི་ཤའི། །བཀའ་ཕྱག་ཆུ་བོ་གཉིས་འདྲེས་གདམས་པའི་སྲོལ། །གང་གི་དྲིན་གྱི་ཕྱོགས་འདིར་གསལ་མཛད་པ། །ཟླ་འོད་གཞོན་ནུའི་ཞབས་ལ་གསོལ་བ་འདེབས། །དུས་གསུམ་སངས་རྒྱས་བདེ་ཆེན་ཆོས་ཀྱི་སྐུ། །དངོས་པོ་གཅིག་གྱུར་དགེ་སློང་གཟུགས་ཀྱིས་ནི། །གར་མཛད་སྲིད་པ་གསུམ་གྱི་འགྲོ་བའི་མགོན། །དཔལ་ལྡན་མཐའ་རྩ་བ་ལ་གསོལ་འདེབས། །རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་སྙིང་པོ་ནི། །སླར་ཡང་གངས་རིའི་ཁྲོད་འདིར་གཤེགས་གྱུར་ཅེས། །དམ་པ་རྣམས་ཀྱིས་ལུང་བསྟན་བསྔགས་པའི་གནས། །འཇིག་རྟེན་གསུམ་མགོན་ཞབས་ལ་གསོལ་བ་འདེབས། །དཔལ་ལྡན་ལྷ་གཟིགས་རིགས་ཀྱི་ཐིག་ལེ་ནི། །ལྔ་བརྒྱའི་གཙུག་གི་རྒྱན་གྱུར་ཐམས་ཅད་མཁྱེན། །ཆོས་ཀྱི་རྒྱལ་པོ་སྤྱན་སྔ་རིན་པོ་ཆེ། །གྲགས་པ་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །བླ་མས་བྱིན་བརླབས་གནས་ལུགས་མངོན་སུམ་མཛད། །མི་བཟད་གནམ་ལྕགས་འབར་བའང་ཁྱོད་སྐུ་ལ། །པདྨོ་གཞོན་ནུ་རེག་པ་བཞིན་གྱུར་པ། །རྒྱལ་བ་རིན་པོ་ཆེ་ལ་གསོལ་འདེབས། །བརྩོན་འགྲུས་ཆེན་པོས་རོ་གཅིག་རྟོགས་པ་བརྙེས། །མཁྱེན་པའི་སྤྱན་ཡངས་དུས་གསུམ་ཆགས་ཐོགས་བྲལ། །མཐུ་སྟོབས་ཐུགས་རྗེས་གཞན་གྱི་དོན་མཛད་པ། །བཅུ་གཉིས་རིན་པོ་ཆེ་ལ་གསོལ་བ་འདེབས། །གྲགས་པའི་འོད་ཟེར་སྟོང་གི་དྲ་བ་ཅན། །(༤༠བ) རྨད་བྱུང་ཡེ་ཤེས་དཀྱིལ་འཁོར་རབ་རྒྱས་ལས། །ཤེས་བྱའི་ཁྱོན་ཀུན་ཆེས་ཆེར་གསལ་མཛད་པ། །འགྲོ་བའི་འདྲེན་མཆོག་དེ་ལ་གསོལ་བ་འདེབས། །ཆོགས་གཉིས་བདུད་རྩིའི་ཆུ་གཏེར་བསྲུབས་པ་ལས། །གྲགས་པ་བདུད་རྩིའི་གཏེར་གྱུར་རིན་ཅེན་གྱིས། །ཡོན་ཏན་ཆ་ཤས་ཡོངས་སུ་གང་བ་ཅན། །ཐུབ་བསྟན་ཀུ་མུད་གཉེན་ལ་གསོལ་བ་འདེབས། །བསླབ་གསུམ་རིན་ཅེན་གསེར་གྱི་གཞལ་མེད་ཁང་། །རྣམ་དཀར་གྲགས་པའི་རྒྱལ་མཚན་མཐོན་པོ་ཅན། །སྐུ་གསུམ་ནོར་བུའི་ཏོག་གིས་རབ་མཛེས་པ། །ཚེས་བཞི་རྙིང་མ་བ་ལ་གསོལ་བ་འདེབས། །སྙན་གྲགས་བ་དན་དཀར་པོའི་འཕུར་ལྡིང་ཅན། །མཁས་པའི་མདུན་ས་མཛེས་པའི་རྒྱན་གཅིག་པུ། །ཤེས་རབ་སྤྱན་གྱིས་གནས་ལུགས་ཇི་བཞིན་གཟིགས། །སྤྱན་སྔ་གྲགས་ཤེ་བ་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་ཡབ་གཅིག་པད་དཀར་ཅན། །དུས་མཐར་ངུར་སྨྲིག་འཛིན་པའི་ཚུལ་བཟུང་ནས། །འགྲོ་ཀུན་ཕན་བདེའི་ལམ་ལ་སྦྱོར་མཛད་པ། །གྲགས་པ་བྱང་ཆུབ་ཞབས་ལ་གསོལ་བ་འདེབས། །བསོད་ནམས་ཆ་ཤས་ཡོངས་སུ་རྫོགས་གྱུར་ཅིང་། །གྲགས་པའི་རི་བོང་མཚན་མས་རྣམ་པར་མཛེས། །རྨད་བྱུང་མཛད་པའི་འོད་དཀར་སྣང་བ་ཅན། །གྲུབ་མཆོག་མཚན་མོའི་མགོན་ལ་གསོལ་བ་འདེབས། །དཔལ་ལྡན་གདན་ས་རིན་ཅེན་སེང་གེའི་ཁྲིར། །ཞབས་སེན་མུ་ཏིག་ཚོམ་བུ་རབ་བཀོད་དེ། །འཕྲིན་ལས་བཟང་པོས་འགྲོ་བའི་དོན་མཛད་པ། །སྤྱན་སྔ་རིན་པོ་ཆེ་ལ་གསོལ་བ་འདེབས། །རྨད་བྱུང་(༤༡ན)བསོད་ནམས་འཆི་མེད་སྐྱེད་ཚལ་དུ། །བསླབ་པ་གསུམ་གྱི་འདབ་སྟོང་རབ་རྒྱས་ཤིང་། །འཕྲིན་ལས་བཟང་པོའི་དྲི་བསུང་གཡོ་བ་ཅན། །འགྲོ་བའི་འདྲེན་པ་མཆོག་ལ་གསོལ་བ་འདེབས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་གཞལ་མེད་ཁང་། །མཁྱེན་གཉིས་གསེར་གྱི་རྒྱལ་མཚན་མཐོན་པོ་ཅན། །སྐལ་བཟང་འགྲོ་ལ་དོན་གཉིས་འདོད་དགུའི་ཆར། །ལེགས་པར་འབེབས་མཛད་དེ་ལ་གསོལ་བ་འདེབས། །ངག་གི་དབང་ཕྱུག་རྒྱལ་སྲས་གྲགས་པའི་གཏེར། །ལུགས་གཉིས་གསེར་གྱི་འཁོར་ལོས་བོད་ཁམས་ཀྱི། །ནོར་འཛིན་སྐྱོང་མཛད་ཆོས་ཀྱི་རྒྱལ་པོ་མཆོག །ཚེས་གཉིས་རིན་པོ་ཆེ་ལ་གསོལ་བ་འདེབས། །དུས་མཐའ་འདིར་ཡང་གར་དབང་རྡོ་རྗེ་འཆང་། །ངུར་སྨྲིག་འཛིན་པའི་ཟློས་གར་ལྷུར་མཛད་ནས། །ས་སྟེང་འགྲོ་བ་ཀུན་གྱི་སྐྱབས་གྱུར་པ། །ཞྭ་དམར་ཅོད་པན་འཛིན་ལ་གསོལ་བ་འདེབས། །འཛམ་གླིང་སྒྲུབ་རྒྱུད་བསྟན་པའི་གཙུག་གི་རྒྱན། །བཀའ་བརྒྱུད་གོང་མ་རྣམས་དང་ཕག་མོ་གྲུའི། །གདན་ས་ཆེན་པོར་བྱོན་དང་འབྱོན་འགྱུར་བའི། །སྤྱན་སྔ་རྣམས་ལ་གུས་པས་གསོལ་བ་འདེབས། །དེ་ལྟར་བསྟོད་པའི་རྣམ་དཀར་ཕུང་པོ་ཡིས། །འགྲོ་ཀུན་ཐེག་མཆོག་བཤེས་དང་མི་འབྲལ་ཞིང་། །ཐེག་མཆོག་ཟབ་མོའི་ལམ་གྱིས་ཚེ་གཅིག་ཏུ། །སྐུ་གསུམ་གོ་འཕང་མངོན་དུ་བྱེད་པར་ཤོག །གནས་སྐབས་སུ་ཡང་འཛིན་མའི་ཁྱོན་ཀུན་(༤༡བ)དུ། །ཆོས་དང་སྲིད་ཀྱི་དཔལ་འབྱོར་དར་ཞིང་རྒྱས། །མི་དགེ་བཅུ་སྤངས་དགེ་བའི་ལས་ལམ་ཀུན། །རྫོགས་ལྡན་དུས་བཞིན་འཕེལ་བའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ནང་སོ་མགོན་པོ་ཚེ་འཕེལ་གྱི་གསུང་གིས་བསྐུལ་ནས་དགེ་འདུན་རྒྱ་མཚོའི་དཔལ་གྱིས་འཕྱོས་ངོ་མཚར་བཀོད་པར་སྦྱར་བའོ།། །།

                                            རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
      གསལ་འདེབས། 
   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
           དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།