ནང་སོ་ཆོས་རྒྱལ་ཆེན་པོ་ཨ་མོ་གྷ་རྡོ་རྗེ་རྣམ་རྒྱལ་དཔལ་བཟང་པོའི་འཕྲིན་བཅོལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-31 21:30:15     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

 

y5y5IMG_3721.JPG

བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ལྔ་བརྒྱའི་གཙུག་རྒྱན་མཉམ་མེད་ཤཱཀྱའི་གཙོ། །རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་པའི་དབྱངས། །རྒྱལ་བ་གཉིས་པ་འཕགས་མཆོག་ཀླུ་སྒྲུབ་ཞབས། །གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས། །འཇམ་དབྱངས་རྣམ་སྤྲུལ་ཟླ་བ་གྲགས་པའི་ཞབས། །ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་ཨ་ཏི་ཤ །བསྟན་པའི་མངའ་བདག་འབྲོམ་སྟོན་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ། །མཁས་ཤིང་གྲུབ་པའི་དབང་ཕྱུག་ནོར་བུ་བཟང་། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས། །ཟླ་མེད་སྐྱབས་ཀྱི་དམ་པ་ཁྱེད་རྣམས་ལ། །གདུང་ཤུགས་དྲག་པོས་གསོལ་བ་བཏབ་པའི་མཐུས། །ཚེ་རབས་ཀུན་ཏུ་སྐད་ཅིག་མི་འབྲལ་བར། །དགྱེས་བཞིན་རྗེས་སུ་(༣༩ན)འཛིན་པར་མཛད་དུ་གསོལ། །སྲིད་ལས་ངེས་འབྱུང་ཤུགས་དྲག་སྐྱོ་ཤས་དང་། །འགྲོ་ཀུན་ཕ་མར་མཐོང་བའི་སྙིང་རྗེ་ཡིས། །ལེགས་དྲངས་བདག་པས་གཞན་གཅེས་བྱང་ཆུབ་སེམས། །མྱུར་དུ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །ངའོ་སྙམ་དུ་འཛིན་པའི་བློ་འདི་ལ། །ང་དེ་རྟོག་པས་ཕར་བཞག་མ་ཡིན་པར། །ཡུལ་གྱི་སྟེང་ནས་གྲུབ་པ་ལྟར་སྣང་བའི། །འཆར་ཚུལ་རྗེན་གྱིས་རྟོགས་པར་བྱིན་གྱིས་རློབས། ཁམས་དྲུག་དེ་འདྲའི་ང་དེ་མ་ཡིན་ཞིང་། །དེ་ལས་གཞན་དུའང་གྲུབ་པ་མ་མཆིས་པས། །ང་ཞེས་བྱ་བ་ཡུལ་གྱི་སྟེང་ཉིད་ནས། །མེད་པར་ལྷང་གིས་རྟོགས་པར་བྱིན་གྱིས་རློབས། །དེ་བཞིན་ཕུང་ཁམས་སྐྱེ་མཆེད་ཆོས་རྣམས་ཀུན། །རང་རང་འདོགས་བྱེད་རྣམ་རྟོག་ཁོ་ན་ཡིས། །བཏགས་པ་ཙམ་ཕྱིར་གདགས་གཞིའི་ཡུལ་སྟེང་ནས། །མེད་པར་ངེས་ཤེས་འདྲོངས་པར་བྱིན་གྱིས་རློབས། །མིང་ཙམ་རྟོག་པའི་རི་མོ་ཙམ་ཉིད་ལས། །འཁོར་འདས་ཆོས་ཀུན་འཇོག་ཅིང་ལས་འབྲས་ཀྱི། །རྟེན་འབྲེལ་བསླུ་བ་མེད་པར་ཡིད་ཆེས་ནས། །མཐའ་བྲལ་ལྟ་བ་རྟོགས་པར་བྱིན་གྱིས་རློབས། །སྲིད་པའི་རྩ་བ་དྲུངས་འབྱིན་ཡང་དག་ལྷ། །ཉམས་སུ་ལེན་ཚེ་དེ་ཡི་འགལ་རྐྱེན་ཀུན། །སེལ་ཞིང་མཐུན་རྐྱེན་མ་ལུས་ཀླུ་སྒྲུབ་ཀྱི། །བཀའ་སྲུང་གདོང་བཞི་མགོན་པོས་གཡེལ་མེད་སྒྲུབས། །གཞན་ཡང་དཔལ་ལྡན་མགོན་པོ་ཡབ་ཡུམ་གྱིས། །ཕ་ལྟར་བྱམས་ཤིང་མ་ལྟར་སྙིང་ཉེ་བས། །ཞི་རྒྱས་དབང་དྲག་འཕྲིན་ལས་གང་བཅོལ་ཡང་། །སྐད་ཅིག་ཉིད་ལ་(༣༩བ)འགྲུབ་པར་མཛད་དུ་གསོལ། །ཞེས་པ་འདི་ནི་ནང་སོ་ཆོས་རྒྱལ་ཆེན་པོ་ཨ་མོ་གྷ་རྡོ་རྗེ་རྣམ་རྒྱལ་དཔལ་བཟང་པོའི་ཐུགས་དམ་དུ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་ཕོ་བྲང་འོལ་ཁ་སྟག་རྩེར་བྲིས་པའོ།། །།

                               རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
           གསལ་འདེབས།
   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
          དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།