བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་བརྒྱུད་ཀྱི་བླ་བརྒྱུད་གསོལ་བ་འདེབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-31 20:55:59     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

微信图片_20170831212439.jpg

ན་མོ་བཛྲ་བྷེ་ར་ཝ་ཡ། །རབ་འབྱམས་ཞིང་གི་རྒྱལ་བ་ཀུན་གྱི་དངོས། །མ་ལུས་དཀྱིལ་འཁོར་འཁོར་ལོ་ཀུན་གྱི་གཙོ། །དངོས་གྲུབ་རྩ་བ་ཕན་བདེའི་འབྱུང་གནས་མཆོག །དྲིན་ཅན་བླ་མ་མཆོག་ལ་གསོལ་བ་འདེབས། །རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས། །ལྷན་ཅིག་སྐྱེས་དངོས་གར་དགུའི་ཉམས་ཀྱིས་ནི། །ཤིན་ཏུ་ཁྲོས་པའི་གར་མཛད་བཅོམ་ལྡན་འདས། ཁྱབ་བདག་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །མ་ལུས་གདུལ་བྱའི་ཁམས་དང་བསམ་པ་བཞིན། །ལེགས་གསུངས་གསུང་རབ་ཀུན་གྱི་སྙིང་པོ་མཆོག །རྩ་བཤད་རྒྱུད་ཀུན་སྡུད་མཛད་རྒྱལ་བའི་ཡུམ། །ཡེ་ཤེས་མཁའ་འགྲོའི་ཞབས་ལ་གསོལ་བ་འདེབས། །ཟབ་མོའི་ལམ་གྱིས་ཟུང་འཇུག་གོ་འཕང་བརྙེས། །དབང་ཕྱུག་བརྒྱད་ལྡན་ལཱ་ལི་ཏ་བཛྲ། །གྲུབ་པའི་དབང་ཕྱུག་ཀུན་གྱིས་ཕྱག་བྱའི་གནས། །ལམ་གྱི་སྲོལ་འབྱེད་མཆོག་ལ་གསོལ་བ་འདེབས། །རིམ་གཉིས་ལམ་གྱི་བདུད་རྩིས་བློ་གྲོས་ཀྱི། །བུམ་བཟང་ལེགས་གཏམས་གྲུབ་པའི་མཆོག་བརྙེས་པ། །འགྲོ་བའི་དོན་མཛད་ཨ་མོ་གྷ་བཛྲ། །རིགས་ལྔའི་ཅོད་པན་མཆོག་ལ་གསོལ་བ་འདེབས། །མཆོག་ཏུ་མི་འགྱུར་ལྷན་སྐྱེས་ཡེ་ཤེས་ཀྱི། །འབྱུང་གནས་སྦས་པའི་དོན་གཟིགས་ས་གསུམ་ན། །གྲགས་པ་རབ་དཀར་གྲུབ་པའི་གོ་འཕང་(༣༧བ)ལ། །རབ་འཛེགས་དཔའ་བོ་མཆོག་ལ་གསོལ་བ་འདེབས། །འཁོར་བའི་འདམ་གྱིས་མ་གོས་པདྨ་ནི། །ལྷན་སྐྱེས་འོད་གསལ་རྡོ་རྗེ་མཆོག་གིས་མཚན། །ཞི་སོགས་རབ་འབྱམས་ལས་ལ་དབང་སྒྱུར་བ། །པདྨ་བཛྲ་ཞབས་ལ་གསོལ་བ་འདེབས། །བདེ་སྟོང་དབྱེར་མེད་ཡེ་ཤེས་མར་མེ་ཡིས། །སྒྲིབ་པའི་མུན་སེལ་གནས་ལུགས་སྣང་མཛད་པ། །དཱི་པཾ་ཀ་ར་ཞེས་གྲགས་གྲུབ་པ་མཆོག །རབ་བརྙེས་དམ་པའི་མགོན་ལ་གསོལ་བ་འདེབས། །བསྐྱེད་རིམ་མཐར་ཕྱིན་རྫོགས་རིམ་མངོན་དུ་གྱུར། །སྡིགས་མཛུབ་ཙམ་གྱིས་རབ་བརྟན་ལྷུན་པོ་ཡང་། །ཐལ་བར་བྱེད་པའི་ནུས་ལྡན་རྡོ་རྗེ་གྲགས། །སྐད་གཉིས་སྨྲ་བའི་ཞབས་ལ་གསོལ་བ་འདེབས། །རྗེ་བཙུན་རྣལ་འབྱོར་མ་ཡིས་རྗེས་བཟུང་ཞིང་། །རབ་འབྱམས་རྒྱུད་སྡེའི་དགོངས་དོན་ལེགས་པར་གཟིགས། །གནས་ལུགས་མངོན་གྱུར་རྭ་ཡི་གདུང་འཛིན་པ། །དཔལ་ལྡན་ཆོས་རབ་ཞབས་ལ་གསོལ་བ་འདེབས། །ཡེ་ཤེས་སྤྱན་གྱིས་དེ་ཉིད་ལེགས་པར་རྟོགས། །སྟོང་ཉིད་ཟབ་མོའི་སེང་གེའི་ང་རོ་ཅན། །གྲུབ་པའི་རིགས་འཁྲུངས་དམ་པས་བསྔགས་པའི་གནས། །ཡེ་ཤེས་སེང་གེའི་ཞབས་ལ་གསོལ་བ་འདེབས། །འབུམ་ཕྲག་རྒྱུད་སྡེའི་དོན་ལ་མཁྱེན་པ་རྒྱས། །མཐར་ཕྱིན་ལམ་གྱི་གངས་རི་ལ་གནས་ཤིང་། །བདེ་ཆེན་ལམ་སྟོན་སེང་གེའི་ང་རོ་ཅན། རྗེ་བཙུན་འབུམ་སེང་ཞབས་ལ་གསོལ་བ་འདེབས། །སྐྱེ་བ་རྒྱུད་མར་གྲུབ་པའི་དབང་ཕྱུག་ཏུ། །རབ་གྲགས་གྲུབ་པའི་རིགས་འཁྲུངས་མཁས་པའི་གཙོ། །དང་པོའི་སངས་(༣༨ན)རྒྱས་ལམ་བཟང་སྟོན་མཛད་པ། །རྗེ་བཙུན་རྒ་ལོའི་ཞབས་ལ་གསོལ་བ་འདེབས། །ཐབས་ཤེས་ས་འཛིན་དཀར་པོ་ལ་གནས་ཤིང་། །སྙིང་རྗེའི་ལུས་སྟོབས་རབ་རྒྱས་ལུང་རིགས་ཀྱི། །སེང་གེའི་ང་རོས་རྒོལ་ངན་ཕམ་མཛད་པ། །ཤེས་རབ་སེང་གེའི་ཞབས་ལ་གསོལ་བ་འདེབས། །སྤྲོས་བྲལ་གནས་ལུགས་ཡངས་པའི་གོ་འབྱེད་ངོས། །བདེ་ཆེན་ཡེ་ཤེས་དཀྱིལ་འཁོར་རབ་རྒྱས་ཤིང་། །དཔལ་ལྡན་འཕྲིན་ལས་བཟང་པོའི་འོད་སྟོང་ཅན། །བསྔགས་འོས་བཤེས་གཉེན་མཆོག་ལ་གསོལ་བ་འདེབས། །རྒྱ་ཆེན་གསུང་རབ་རྒྱ་མཚོའི་དོན་གཟིགས་ཤིང་། །རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན། །རིན་ཅེན་བྱང་ཆུབ་ཐུགས་མངའ་ཆོས་ཀྱི་རྗེ། །དོན་གྲུབ་རིན་ཅེན་ཞབས་ལ་གསོལ་བ་འདེབས། །དཔལ་ལྡན་ཁྱབ་བདག་རྡོ་རྗེ་འཆང་དབང་ནི། །སྤྲུལ་པའི་གར་མཛད་ས་གསུམ་འགྲོ་བའི་མིག །ལྔ་བརྒྱའི་གཙུག་རྒྱན་རྒྱལ་བ་གཉིས་པ་མཆོག །མཉམ་མེད་བཙོང་ཁ་པ་ལ་གསོལ་བ་འདེབས། །མཁྱེན་པའི་སྤྱན་གྱིས་ཤེས་བྱ་ཐམས་ཅད་གཟིགས། །བློ་བཟང་རྒྱལ་བའི་དབང་པོའི་ཆོས་ཚུལ་ཀུན། །ཕྱོགས་བཅུར་རྒྱས་མཛད་འཛམ་གླིང་མཁས་པའི་གཙོ། །མཁས་གྲུབ་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །དངོས་དང་བརྒྱུད་པའི་བླ་མ་ཁྱེད་རྣམས་ཀྱི། །དྲིན་ལས་འགྲོ་ཀུན་རྡོ་རྗེ་འཆང་དབང་གི །གོ་འཕང་འཐོབ་ཅིང་ཞི་རྒྱས་དབང་དྲག་གི །རབ་འབྱམས་ལས་ཀུན་ཐོགས་མེད་འགྲུབ་གྱུར་ཅིག །རིམ་གཉིས་ཟབ་མོའི་(༣༨བ)ལམ་གྱི་ཉམས་ལེན་གྱིས། །ཕྱི་ནང་གསང་བའི་གཤིན་རྗེ་མཐར་བྱས་ནས། །འགྲོ་བའི་མ་རིག་མུན་པ་ཀུན་སེལ་བའི། །འཇམ་དབྱངས་གོ་འཕང་ཚེ་འདིར་ཐོབ་པར་ཤོག །བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་བརྒྱུད་ཀྱི་བླ་མ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས་པའི་རིམ་པ་འདི་ཉིད་གནས་བརྟན་རྡོ་རྗེ་རྒྱལ་མཚན་གྱིས་ཞུས་པ་ལ་བརྟེན་ནས་ཆོས་སྨྲ་བའི་བཙུན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་མེ་མོ་གླང་གི་ལོ་ཟླ་བ་དྲུག་པའི་དཀར་པོའི་ཕྱོགས་ལ་ཆོས་གྲྭ་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ།། །།

                             

                                               རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
     གསལ་འདེབས།
 རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
          དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།