བདེ་མཆོག་ལཱུ་ཨི་པའི་བླ་མ་བརྒྱུད་པ་ལ་གསོལ་འདེབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-31 20:49:45     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

IMG_1090.JPG

མ་ལུས་རྒྱལ་བ་ཀུན་གྱི་གསང་བའི་མཛོད། །གང་གིས་འཛིན་མཛད་དཔལ་ལྡན་གསང་བའི་བདག །ཀུན་དུ་བཟང་པོ་རྒྱལ་བ་ཀུན་གྱི་ཡབ། །དཔལ་ལྡན་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །བསྟན་པ་འདི་ལ་གྲུབ་པ་མཆོག་བརྙེས་པ། །ཀུན་གྱི་གཙུག་རྒྱན་ས་ར་ཧ་པ་ཞེས། །གྲགས་པ་ཚངས་པའི་འཇིག་རྟེན་རེག་པ་ཅན། །སྙིང་པོའི་དོན་གྱི་འབྱུང་གནས་ལ་ཕྱག་འཚལ། །རྒྱལ་བའི་མདོ་རྒྱུད་གསུང་རབ་ཐམས་ཅད་ཀྱི། །དགོངས་འགྲེལ་ཤིང་རྟའི་སྲོལ་འབྱེད་ཀུན་གྱི་གཙོར། །རྒྱལ་བས་ལུང་བསྟན་རྒྱལ་བ་གཉིས་པར་གྲགས། །འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ། །ཟུང་འཇུག་བདེ་བ་ཆེན་པོའི་སྐུ་བརྙེས་ཀྱང་། །སྙིང་རྗེའི་གཞུ་ལས་བདེ་སྟོང་མདའ་བོ་ཆེས། །གཟུང་འཛིན་རི་དྭགས་ཀུན་གྱི་སྲོག་འཕྲོག་པ། །དཔལ་ལྡན་རི་ཁྲོད་དབང་ཕྱུག་ལ་ཕྱག་འཚལ། །ཁྱབ་བདག་འཁོར་ལོ་སྡོམ་པས་མངོན་སུམ་དུ། །དབང་བསྐུར་ཉ་ལྟོའི་འཚོ་བ་ལ་བརྟེན་ནས། །གྲུབ་པ་མཆོག་བརྙེས་བདེ་མཆོག་ཆོས་ཚུལ་ནི། །ཀུན་གྱི་འབྱུང་གནས་ཁྱོད་ལ་ཕྱག་འཚལ་ལོ། །བླ་མ་མཆོག་དེའི་གདམས་པའི་བཀའ་དྲིན་(༣༦བ)ལས། །རྒྱལ་སྲིད་མཆིལ་མའི་ཐལ་བ་ལྟར་སྤངས་ནས། །རྡོ་རྗེ་ཕག་མོས་རྗེས་བཟུང་དངོས་གྲུབ་བརྙེས། །དཔལ་ལྡན་ཌཱ་རི་ཀ་པ་ལ་ཕྱག་འཚལ། །ཌེཾ་ཀིའི་སྒྲ་ལས་རང་བཞིན་སྟོང་པ་ཉིད། །རྟེན་འབྲེལ་དོན་དུ་གཟིགས་ཤིང་ལྷན་སྐྱེས་ཀྱི། །ཡེ་ཤེས་གྲུབ་པའི་གར་གྱིས་རྣམ་རོལ་བ། །དཔལ་ལྡན་ཌེཾ་ཀཱི་པ་ལ་ཕྱག་འཚལ་ལོ། །རྣམ་པར་རིག་པ་ཙམ་གྱི་ཚུལ་བརྟེན་ནས། །མདོ་སྔགས་མང་ཐོས་རྒྱ་མཚོའི་མཐར་སོན་ཅིང་། །གྲུབ་པའི་དབང་ཕྱུག་མཁས་པའི་གཙུག་གི་རྒྱན། །མཁས་མཆོག་ཤན་ཏི་པ་ལ་ཕྱག་འཚལ་ལོ། །གནས་ལྔ་མཐར་སོན་ལྔ་བརྒྱའི་གཙུག་གི་རྒྱན། །སྣང་བ་མཐའ་ཡས་སྤྲུལ་པའི་ཟློས་གར་ནི། །ས་གསུམ་འགྲོ་ན་མར་མེ་མཛད་དཔལ་ཞེས། །ཡོངས་སུ་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཨོ་ཌི་ཡ་ནར་ཨིནྡྲ་བྷཱུ་ཏིའི་སྲས། །ཟབ་མོའི་ལམ་གྱི་རྟོགས་པ་ཕ་མཐར་སོན། །བདེ་མཆོག་ལུགས་བཟང་རིང་དུ་གསལ་མཛད་པ། །གྲུབ་ཆེན་ལ་བ་པ་ལ་ཕྱག་འཚལ་ལོ། །ཕུལ་བྱུང་སྙིང་རྗེས་མཛེ་ཅན་གང་གཱ་ལས། །བསྒྲལ་ཚེ་དེ་ཉིད་རྡོ་རྗེ་ཕག་མོར་གྱུར། །ཧེ་རུ་ཀ་དཔལ་གར་གྱིས་མཁའ་སྤྱོད་དུ། །རབ་གཤེགས་ཚིམ་བུ་པ་ལ་ཕྱག་འཚལ་ལོ། །ཐེག་མཆོག་བླ་མ་དམ་པས་རྗེས་སུ་བཟུང་། །ཟབ་རྒྱས་ཆོས་རྣམས་ཀུན་གྱི་དབང་ཕྱུག་བརྙེས། །སྐད་གཉིས་སྨྲ་བ་ལུས་ཅན་ཀུན་གྱི་མིག །དཔལ་ལྡན་མར་པ་དོ་པ་ལ་ཕྱག་འཚལ། །ཞེས་པ་བདེ་མཆོག་ལཱུ་ཨི་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་རིམ་པ་འདི་ནི་(༣༧ན)ནང་སོ་རྟ་མགྲིན་མགོན་པོའི་གསུང་གིས་བསྐུལ་བའི་ངོར་ཆོས་སྨྲ་བའི་བཙུན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱི་ངོ་མཚར་བཀོད་པར་སྦྱར་བའོ།། །།

                                               རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
  གསལ་འདེབས།
 རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
      དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།