བདེ་མཆོག་དྲིལ་བུ་པའི་དབང་བརྒྱུད་ལ་གསོལ་བ་འདེབས་པའི་ཚུལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-30 15:34:09     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

IMG_1214.JPG

ན་མོ་གུ་རུ། ཁ་སྦྱོར་བདུན་ལྡན་རྒྱལ་བ་རྡོ་རྗེ་འཆང་། །འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ནེ་གུ་མ། །ཟུང་འཇུག་མངོན་གྱུར་གྲུབ་མཆོག་ཁྱུང་པོའི་ཞབས། །སྐུ་གསུམ་ལྷུན་གྲུབ་གསུམ་ལ་གསོལ་བ་འདེབས། །སྒྱུ་ལུས་རྨི་ལམ་མཐར་ཕྱིན་རྨོག་ལྕོག་པ། །གངས་ཅན་མགོན་པོ་མཉམ་མེད་སྐྱེར་སྒང་པ། །ཆོས་དྲུག་རྟོགས་པ་མཐར་སོན་གཉན་སྟོན་པ། །གྲུབ་པའི་དབང་ཕྱུག་གསུམ་ལ་གསོལ་བ་འདེབས། །(༣༣ན)བཀའ་བརྒྱུད་བསྟན་པའི་མངའ་བདག་ཤངས་སྟོན་པ། །རིམ་གཉིས་རྟོགས་པ་མཐར་ཕྱིན་རྒྱལ་མཚན་འབུམ། །འཇག་ཆེན་ཆོས་ཀྱི་རྒྱལ་པོ་བྱམས་པ་དཔལ། །བཀའ་བརྒྱུད་སྲོག་ཤིང་གསུམ་ལ་གསོལ་བ་འདེབས། །རྒྱལ་བའི་རྣམ་སྤྲུལ་བསོད་ནམས་བློ་གྲོས་དང་། །དབང་ཕྱུག་བརྒྱད་ལྡན་ཀུན་དགའ་བཟང་པོའི་ཞབས། །དུས་གསུམ་མཁྱེན་པ་དྲན་མཆོག་ཨ་མོ་གྷ། །སྤང་རྟོགས་མཐར་ཕྱིན་གསུམ་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དབང་སྤྲུལ་པའི་གར་མཛད་པ། །འཇམ་པའི་དབྱངས་དངོས་ཀུན་དགའ་རྒྱལ་མཚན་དང་། །དངོས་གྲུབ་འབྱུང་གནས་རྩ་བའི་བླ་མ་སྟེ། །ཕན་བདེའི་འབྱུང་གནས་གཉིས་ལ་གསོལ་བ་འདེབས། །མཚན་ཉིད་ཀུན་ལྡན་ཐེག་མཆོག་དགེ་བའི་བཤེས། །བསམ་སྦྱོར་གཉིས་ཀྱིས་གུས་པས་ལེགས་བསྟན་ནས། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ། །ཉམས་ལེན་སྙིང་པོར་བགྱིད་པར་བྱིན་གྱིས་རློབས། །སྡིག་ལྟུང་དག་བྱེད་ཨ་ཡི་སྟོང་ར་དང་། །ནད་གདོན་དག་པར་བྱེད་པའི་སྟོང་ར་སོགས། །ཚུལ་བཞིན་བསྒོམས་པས་ལམ་བཟང་སྐྱེ་བའི་གེགས། །ཞི་ཞིང་མཐུན་རྐྱེན་ཚང་བར་བྱིན་གྱིས་རློབས། །སྦྱང་གཞི་སྦྱོང་བྱེད་འཕྲོད་པའི་བསྐྱེད་རིམ་གྱིས། །རྫོགས་རིམ་ཟབ་མོ་སྐྱེ་བའི་རྒྱུད་སྨིན་ཅིང་། །རྩ་གསུམ་འཁོར་ལོ་བཞི་ལྡན་གཏུམ་མོའི་ལམ། །མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཉི་ཟླའི་རྒྱུ་བ་སྒྲ་གཅན་ལམ་བཀག་ནས། །རབ་འབར་ཙནྜ་ལཱི་ཡི་རྣལ་འབྱོར་དང་། །ཕྱག་རྒྱ་གསུམ་དང་(༣༣བ)སྦྱོར་བའི་ཐབས་མཁས་ཀྱིས། །ཕྱག་ཆེན་ཡེ་ཤེས་འདྲེན་པར་བྱིན་གྱིས་རློབས། །འོད་གསལ་ཕྱག་རྒྱ་ཆེན་པོའི་རྣམ་རོལ་ལས། །གཉིད་དུས་རྨི་ལམ་སྒྱུ་མའི་ཡུལ་སྣང་དང་། །སྲུང་སེམས་ཙམ་ལས་གྲུབ་པའི་རྡོ་རྗེའི་སྐུ། །ཚེ་འདིར་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །སྦས་དོན་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །མཐོང་བའི་ཆོས་ལ་ཟུང་འཇུག་མ་གྲུབ་ན། །མ་བསྒོམས་འཚང་རྒྱ་འཕོ་བའི་ཉམས་ལེན་གྱིས། །མཁའ་སྤྱོད་གནས་སུ་བགྲོད་པར་བྱིན་གྱིས་རློབས། །ཕུང་སོགས་རིམ་གྱིས་ཐིམ་པའི་འོད་གསལ་ལས། །ཡིད་ངོར་ཧེ་རུ་ཀ་ཡི་སྐུར་ལངས་ཏེ། །བསམ་བཞིན་གསང་སྔགས་སྤྱོད་པའི་རྟེན་འཛིན་པའི། །ཉམས་ལེན་ཚུལ་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཟབ་ལམ་ཉམས་སུ་ལེན་པའི་འགལ་རྐྱེན་ཀུན། །སེལ་ཞིང་མཐུན་རྐྱེན་མ་ལུས་སྒྲུབ་པའི་གྲོགས། །བླ་མ་མགོན་པོ་དབྱེར་མེད་འཁོར་བཅས་ཀྱིས། །གཡེལ་བ་མེད་པར་རྟག་ཏུ་གྲོགས་མཛད་ཤོག །                   ཅེས་པ་འདི་ཡང་རྗེ་ཉིད་ཀྱིས་འོལ་ཁ་སྟག་རྩེར་གནང་བའོ།། །།

 

ན་མ་ཤྲཱི་ཙཀྲ་སཾ་བྷཱ་རཱ་ཡ། ཤེས་བྱའི་འཁོར་ལོ་མ་ལུས་བདེ་བ་ཆེར། །སྡོམ་མཛད་དཔའ་བོ་ལྷན་ཅིག་སྐྱེས་པའི་དངོས། །མཛེས་ལྡན་སྒྱུ་མའི་ཕྱག་རྒྱས་རྣམ་རོལ་བ། །ཁྱབ་བདག་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཡིད་འཕྲོག་བྱི་རུའི་འཁྲི་ཤིང་ཟློས་གར་བཞིན། །ཉི་གཞོན་འཆར་ཀའི་དཔལ་འཕྲོག་དྲན་པས་ཀྱང་། །ལྷན་སྐྱེས་བདེ་བའི་དགའ་སྟོན་མཆོག་སྩོལ་མ། །(༣༤ན)རྡོ་རྗེ་རྣལ་འབྱོར་མ་ལ་གསོལ་བ་འདེབས། །ཕྱི་ནང་རིགས་གནས་ཀུན་ཤེས་མཁས་པའི་མཆོག །རིམ་གཉིས་རྟོགས་པ་མཐར་ཕྱིན་གྲུབ་པའི་གཙོ། །སྣ་ཚོགས་ཆོ་འཕྲུལ་སྟོང་གི་རྣམ་རོལ་ཅན། །རྡོ་རྗེ་དྲིལ་བུ་པ་ལ་གསོལ་བ་འདེབས། །མགོན་དེའི་གདམས་པས་གོ་འཕང་མཐོར་གཤེགས་ཏེ། །འཇིགས་རུང་རུས་སྦལ་བཞོན་པས་རྣམ་རོལ་ཞིང་། །ཀུན་དུ་བཟང་པོའི་སྤྱོད་པ་ལྷུར་མཛད་པ། །གྲུབ་ཆེན་རུས་སྦལ་ཞབས་ལ་གསོལ་བ་འདེབས། །ཛ་ལན་དྷ་རར་མཆོག་གི་དངོས་གྲུབ་བརྙེས། །རྗེ་བཙུན་རྣལ་འབྱོར་མ་ཡིས་རྗེས་སུ་བཟུང་། །སྐལ་བཟང་གདུལ་བྱ་ཀུན་གྱི་སྐྱབས་གྱུར་པ། །ཛ་ལན་དྷ་ར་པ་ལ་གསོལ་བ་འདེབས། །གྲུབ་པའི་གར་གྱིས་རྣམ་པར་རོལ་བཞིན་དུ། །གསང་སྔགས་སྤྱོད་པ་ལྷུར་མཛད་ཧེ་རུ་ཀས། །དངོས་སུ་བྱིན་བརླབས་བར་དོར་མངོན་སངས་རྒྱས། །ནག་པོ་སྤྱོད་པའི་ཞབས་ལ་གསོལ་བ་འདེབས། །གང་གི་གདམས་པ་ལྷ་ཡི་བདུད་རྩི་ཡིས། །ཐུགས་ཀྱི་བུམ་བཟང་རབ་གཏམས་གྲུབ་པ་བརྙེས། །ཤིན་ཏུ་གདུལ་བར་དཀའ་བ་ཚར་གཅོད་མཛད། །གུ་ཧྱ་པ་ཡི་ཞབས་ལ་གསོལ་བ་འདེབས། །རིམ་གཉིས་ཟབ་མོའི་ལམ་གྱི་དགའ་སྟོན་གྱིས། །སྒྲིབ་གཉིས་གཡུལ་ལས་རྣམ་པར་རྒྱལ་གྱུར་ཏེ། །སྐུ་གཉིས་གོ་འཕང་མངོན་དུ་ལེགས་མཛད་པ། །རྣམ་རྒྱལ་ཞབས་ལ་གུས་པས་གསོལ་བ་འདེབས། །མགོན་པོ་མཆོག་དེའི་གདམས་པ་ལ་བརྟེན་ནས། །ཏིལ་རྡུང་སྤྱོད་པས་མཆོག་གི་དངོས་གྲུབ་བརྙེས། །རྡོ་རྗེ་འཆང་གིས་དངོས་སུ་དབང་(༣༤བ)བསྐུར་བ། །ཏཻ་ལོ་ཤེར་བཟང་ཞབས་ལ་གསོལ་བ་འདེབས། །ལྔ་བརྒྱའི་གཙུག་རྒྱན་མཁསཔའི་མཐར་སོན་ཀྱང་། །ཐེག་མཆོག་བཤེས་གཉེན་བསྟེན་པའི་དཀའ་སྤྱད་ཀྱི། །ངལ་བརྒྱས་འཇིགས་པ་མེད་པའི་དཔའ་བོ་མཆོག །ནཱ་རོ་ཏ་པའི་ཞབས་ལ་གསོལ་བ་འདེབས། །གང་གི་ཞབས་སེན་གསར་པའི་ཟླ་ཚེས་ནི། །སྤྱི་བོའི་གཞི་ལ་རེག་པའི་སྐལ་བཟང་ལས། །བདེ་མཆོག་ལམ་བཟང་འགྲོ་ལ་གསལ་མཛད་པ། །ཕམ་ཐིང་སྐུ་མཆེད་རྣམས་ལ་གསོལ་བ་འདེབས། །ཤེས་རབ་མཆོག་གིས་རྒྱུད་སྡེའི་དགོངས་པ་གཟིགས། །བརྩོན་འགྲུས་ཆེན་པོས་སྒྲུབ་པ་ལྷུར་མཛད་པས། །འགྲོ་ལ་ལམ་བཟང་མཚོན་པའི་མིག་གཅིག་པུ། །གློག་ཀྱ་ཤེས་རབ་བརྩེགས་ལ་གསོལ་བ་འདེབས། །སྐད་གཉིས་སྨྲ་བའི་གཙུག་གི་རྒྱན་གྱུར་ཅིང་། །སྐལ་ལྡན་གདུལ་བྱ་བརྩེ་བས་རྗེས་སུ་འཛིན། །ཕྱོགས་འདིར་བདེ་མཆོག་ལམ་བཟང་གསལ་མཛད་པ། །མལ་གྱོ་བློ་གྲོས་གྲགས་ལ་གསོལ་བ་འདེབས། །ཟུང་འཇུག་བདེ་བ་ཆེན་པོའི་སྐུ་བརྙེས་ཀྱང་། །གདུལ་བྱའི་དོན་དུ་ཐ་མལ་ཚུལ་འཛིན་པ། །གངས་ཅན་བསྟན་པའི་བདག་པོ་ས་སྐྱ་པ། །ཀུན་དགའ་སྙིང་པོའི་ཞབས་ལ་གསོལ་བ་འདེབས། །ཚངས་སྤྱོད་དགེ་བསྙེན་མཆོག་གི་བརྟུལ་ཞུགས་ཅན། །མཐའ་ཡས་ཡོན་ཏན་དུ་མའི་མཐར་སོན་ཅིང་། །མ་ལུས་སྐྱེ་རྒུ་ཀུན་གྱི་སྐྱབས་གྱུར་པ། །རྗེ་བཙུན་རྩེ་མོའི་ཞབས་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དབང་སྤྲུལ་པའི་ཟློས་གར་ལ། །སྔགས་འཆང་དབང་པོ་གྲགས་པ་རྒྱལ་མཚན་ཞེས། །ས་གསུམ་(༣༥ན)ཀུན་དུ་སྙན་པའི་གྲགས་པ་ཅན། །གྲགས་པ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །འཇམ་དབྱངས་གཞོན་ནུ་དུས་མཐར་གངས་ཅན་འདིར། །ངུར་སྨྲིག་འཛིན་པའི་གཟུགས་ཀྱིས་རྣམ་རོལ་བ། །གནས་ལྔ་རིག་པའི་གཙུག་རྒྱན་ས་སྐྱ་པ། །ཀུན་དགའ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །གང་གི་ཞབས་སེན་ནོར་བུའི་ཅོད་པཎ་ནི། །ཤར་ཕྱོགས་ས་སྐྱོང་གཙུག་གིས་ཉེར་བསྟེན་པས། །གངས་ཅན་འགྲོ་བ་ཀུན་གྱི་སྐྱབས་གྱུར་པ། །ཆོས་རྒྱལ་འཕགས་པའི་ཞབས་ལ་གསོལ་བ་འདེབས། །མགོན་པོ་མཆོག་དེས་དགྱེས་བཞིན་རྗེས་སུ་བཟུང་། །དཀོན་ཅོག་གསུམ་དངོས་སངས་རྒྱས་བསྟན་པའི་དཔལ། །ཐར་འདོད་གདུལ་བྱའི་འདྲེན་པ་ཆོས་ཀྱི་རྗེ། །དཀོན་ཅོག་དཔལ་གྱི་ཞབས་ལ་གསོལ་བ་འདེབས། །རྒྱུད་སྡེའི་སྙིང་པོ་རིམ་གཉིས་ཟབ་མོའི་དོན། །ཐུགས་སུ་ཆུད་ནས་ན་བཟའ་བྲག་ཕུག་ཏུ། །རྩེ་གཅིག་སྒྲུབ་པ་ལྷུར་མཛད་གྲུབ་པའི་གཙོ། །བསོད་ནམས་དཔལ་གི་ཞབས་ལ་གསོལ་བ་འདེབས། །སྨོན་ལམ་སྟོབས་ཀྱིས་མཐོན་པོའི་རིགས་སུ་འཁྲུངས། །མཁྱེན་པའི་སྤྱན་གྱིས་ཤེས་བྱ་མཐའ་དག་གཟིགས། །ཐུགས་རྗེ་ཆེན་པོས་འགྲོ་ཀུན་རྗེས་སུ་འཛིན། །བསོད་ནམས་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནི། །རྩོད་དུས་ཐམས་ཅད་མཁྱེན་པའི་སྐུར་བསྟན་ནས། །ཐུབ་བསྟན་ཉི་ལྟར་ཀུན་ནས་གསལ་མཛད་པ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །(༣༥བ)བསླབ་གསུམ་རིན་ཅེན་རྒྱལ་མཚན་འཛིན་མཛད་ཅིང་། །ལུང་རྟོགས་ཡོན་ཏན་ཀུན་གྱི་གཏེར་གྱུར་པ། །རྣམ་མང་གདུལ་བྱའི་ཉེར་མཚོ་དམ་པ་མཆོག །རྗེ་བཙུན་དམ་པའི་ཞབས་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དབང་མཉམ་མེད་བཙོང་ཁ་པའི། །ཞལ་གྱི་གདམས་པའི་མཛོད་དུ་ལེགས་གྱུར་ཅིང་། །རྡོ་རྗེ་རྣལ་འབྱོར་མ་ཡིས་རྗེས་བཟུང་བ། །ཤེར་འབྱུང་བློ་གྲོས་ཞབས་ལ་གསོལ་བ་འདེབས། །མཁས་བཙུན་ཀུན་གྱི་གཙུག་རྒྱན་ཆོས་ཀྱི་རྗེ། །མདོ་རྒྱུད་ཡོན་ཏན་རྒྱ་མཚོའི་མཐར་སོན་པ། །བསྟན་པའི་ཉི་མ་བཤད་སྒྲུབ་རྒྱལ་མཚན་འཛིན། །དཔལ་ལྡན་འཕྲིན་ལས་བཟང་པོར་གསོལ་བ་འདེབས། །མཁྱེན་པ་རྨད་བྱུང་ཀུན་དགའ་གཞལ་མེད་ཁང་། །ལུང་རྟོགས་ཆོས་ཀྱི་བ་གམ་མཐོན་པོ་ཅན། །སྒྲུབ་རྒྱུད་བསྟན་པའི་རྒྱལ་མཚན་སྒྲེང་མཁས་པ། །བཀའ་དྲིན་མཉམ་མེད་ཞབས་ལ་གསོལ་བ་འདེབས། །དངོས་གྲུབ་ལེགས་ཚོགས་ཀུན་གྱི་འབྱུང་གནས་མཆོག །བཤེས་གཉེན་དམ་པ་ཚུལ་བཞིན་ལེགས་བསྟེན་ནས། །རྙེད་དཀའ་དོན་ཆེ་དལ་བའི་རྟེན་བཟང་པོ། །ཉིན་མཚན་ཆོས་ཀྱི་འདའ་བར་བྱིན་གྱིས་རློབས། །ཚེ་འདིའི་ཆོས་བརྒྱད་རོལ་རྩེད་རྒྱང་བསྲིངས་ཤིང་། །འཁོར་བའི་བདེ་ལ་ནམ་ཡང་མ་ཆགས་པར། །བདག་པས་གཞན་གཅེས་བྱང་ཆུབ་སེམས་བསྐྱེད་ནས། །རྒྱལ་སྲས་སྤྱོད་ལ་སློབ་པར་བྱིན་གྱིས་རློབས། །སྐྱེ་ཤི་བར་དོའི་སྣང་ཞེན་མ་ལུས་པ། །ཡིད་ངོར་སྦྱོང་བྱེད་བསྐྱེད་པའི་རིམ་པ་དང་། །སྐུ་གསུམ་ཉེ་རྒྱུ་ཟབ་ལམ་རིམ་པ་ལྔའི། །(༣༦ན)རྟོགས་པ་མྱུར་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་བདེ་མཆོག་དྲིལ་བུ་པའི་དབང་བརྒྱུད་ལ་གསོལ་བ་འདེབས་པའི་ཚུལ་འདི་ནི་ནང་སོ་སྐྱ་རྒྱལ་དབང་པོའི་གསུང་གིས་བསྐུལ་ནས་ཤཱཀྱའི་དགེ་སློང་དགེ་འདུན་རྒྱ་མཚོའི་དཔལ་གྱིས་ངོ་མཚར་བཀོད་པར་སྦྱར་བའོ།། །།

                                                རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
         གསལ་འདེབས།
   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
       དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།