ཀཻ་ལ་ཤའི་དུམ་བུར་དང་པོའི་སངས་རྒྱས་ཀྱི་ལམ་ཉེ་བར་སྟོན་པ་ཆོས་རྒྱལ་དང་རིགས་ལྡན་རྣམས་ལ་ཕྱག་འཚལ་ཞིང་སྨོན་ལམ་དུ་བྱ་བའི་ཚིགས་སུ་བཅད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-30 14:54:51     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།    ཀློག་ཐེངས།  

微信图片_20170828160542.jpg

རྣམ་དཀར་དགེ་ཚོགས་རིང་ནས་བསྐྲུན་པའི་མཐུས། །བདུན་ལྡན་བློ་གསལ་རྒྱ་མཚོའི་གཙུག་གི་རྒྱན། །དཔལ་ལྡན་འཕྲིན་ལས་བཟང་པོའི་བ་དན་ཅན། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ན་མ་ཤྲཱི་ཀཱ་ལ་ཙཀྲ་ཡེ། རབ་འབྱམས་རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་གཏེར། །གཅིག་ཏུ་བསྡུས་པ་བློ་བཟང་འགྲོ་བའི་མིག །སྙན་གྲགས་ལྷ་ཡི་རྔ་དབྱངས་ས་གསུམ་ན། །རྣམ་པར་རྒྱལ་བའི་དབང་པོ་ལ་ཕྱག་འཚལ། །གང་དེའི་གསུང་རབ་སྔོན་མེད་ཤིང་རྟ་ཆེ། །དགེ་ལེགས་མཁྱེན་པའི་སྟོབས་ཆེན་གྱད་ཟུང་གིས། །དཔལ་ལྡན་ཐུབ་དབང་བསྟན་པའི་ལམ་ཆེན་པོར། །ལེགས་པར་འདྲེན་མཛད་དེ་ལ་ཕྱག་འཚལ་ལོ། །རབ་བརྗོད་ཨིནྡྲ་ནཱི་ལའི་ལྷུན་པོ་ནི། །གསེར་མདོག་ཆུ་འཛིན་གཞོན་ནུས་འཁྱུད་པ་བཞིན། །རབ་མཛེས་དཀྱིལ་འཁོར་འཁོར་ལོ་ཀུན་གྱི་བདག །དཔལ་ལྡན་དང་པོའི་སངས་རྒྱས་ལ་ཕྱག་འཚལ། །དཔལ་ལྡན་འབྲས་སྤུངས་རྒྱལ་བའི་མཆོད་རྟེན་ཆེར། །ཤཱཀྱ་སེང་གེའི་ཐུགས་བཅུད་བདུད་རྩིའི་རྒྱུན། །འཐུངས་པས་རབ་མྱོས་ལམ་བཟང་ཀུ་མུད་ཚལ། །འབྱེད་མཁས་ཟླ་བ་བཟང་པོ་ལ་ཕྱག་འཚལ། །སྒྲིབ་བྲལ་མཁྱེན་བརྩེའི་སྤྱན་སྲོང་རབ་ཡངས་ཤིང་། །དེ་ཉིད་གཟིགས་པའི་ཡེ་ཤེས་རྡོ་རྗེ་ཡིས། །བདག་ཏུ་ལྟ་བའི་ལྷ་མིན་སྲོག་འཕྲོག་པ། །དཔལ་ལྡན་ལྷ་ཡི་དབང་པོར་ཕྱག་འཚལ་ལོ། །ཟབ་ཡངས་རྒྱུད་སྡེའི་མཁའ་ལ་ཐོགས་པ་མེད། །སྒྲིབ་གཉིས་ཆུ་འཛིན་འཆིང་བ་རིང་དུ་སྤངས། །ཡོན་ཏན་གཟི་བྱིན་ནག་ཕྱོགས་འབྱུང་པོའི་བྱས། །མི་བཟོད་(༣༠ན)གཟི་བརྗིད་ཅན་ལ་ཕྱག་འཚལ་ལོ། །གང་ཐུགས་ཟླ་ཤེལ་ཚོགས་གིས་སོ་འཛིན་རྩེར། །བརྩོན་པའི་མགྱོགས་འགྲོས་ལེགས་དྲངས་ཟབ་མོའི་ལམ། །རྡོ་རྗེ་རྣལ་འབྱོར་བདུད་རྩིའི་འོད་ཆགས་པ། །དཔལ་ལྡན་ཟླ་བས་བྱིན་ལ་ཕྱག་འཚལ་ལོ། །ཡིད་འོང་ལྷ་ཡི་གྲོང་ཁྱེར་ཀ་ལཱ་པར། །ཐེག་མཆོག་འཆི་མེད་བདུད་རྩིའི་དཔལ་ལ་སྤྱོད། །རྒྱལ་ཕྲན་ཉེ་དབང་ཚོགས་ཀྱིས་གུས་བཏུད་པ། །ལྷ་ཡི་དབང་ཕྱུག་དེ་ལ་ཕྱག་འཚལ་ལོ། །ཆོས་སྐུ་མཐའ་དབུས་བྲལ་བའི་ལམ་བརྙེས་ཀྱང་། །སྣ་ཚོགས་གདུལ་བྱའི་བསམ་པའི་དབྱེ་བ་ལས། །གཟུགས་སྐུའི་སྣང་བརྙན་ཅི་ཡང་འཆར་བ་ཅན། །སྣ་ཚོགས་གཟུགས་ཞེས་གྲགས་ལ་ཕྱག་འཚལ་ལོ། །ལྷ་ཡི་གནས་མཚུངས་དཔལ་ལྡན་ཤམྦྷ་ལར། །ལྷ་ཡི་རིགས་གྱུར་སྐྱེ་བོ་ཀུན་གྱིས་བཀུར། །ལྷ་ཡི་དཔལ་ལ་རྟག་ཏུ་རྣམ་རོལ་བ། །ལྷ་ཡི་དབང་ལྡན་དེ་ལ་ཕྱག་འཚལ་ལོ། །ཀཻ་ལ་ཤ་ཡི་རིགས་བཞིའི་སྐྱེ་བོའི་ཚོགས། །རྡོ་རྗེའི་བགྲོད་པར་རིགས་ནི་རོ་གཅིག་པར། །མཛད་གང་དང་པོའི་སངས་རྒྱས་ཉུང་ངུའི་རྒྱུད། །སྡུས་མཛད་འཇམ་དབྱངས་གྲགས་པ་ལ་ཕྱག་འཚལ། །གང་ཐུགས་མཁའ་ལ་དྲི་མེད་འོད་དཀར་ཅན། །རྒྱས་འགྲེལ་བདུད་རྩིའི་ཆ་ཤས་ཡོངས་གང་བས། །བསྡུས་རྒྱུད་ཀུ་མུད་བཞད་པའི་དཔལ་སྟེར་བ། །པད་དཀར་འཛིན་པའི་དབང་པོར་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ཀྱི་རྩ་བ་རབ་བརྟན་ཅིང་། །ཕ་རོལ་ཕྱིན་དྲུག་ཡལ་གའི་ཁྱོན་ཡངས་ལ། །སྐུ་བཞིའི་འབྲས་བུས་དུད་པ་ཀུན་དགའི་ཤིང་། །འདོད་དགུའི་འབྱུང་གནས་བཟང་པོར་ཕྱག་འཚལ་ལོ། །(༣༠བ)ཡན་ལག་བཞི་ལྡན་མཁྱེན་པའི་དཔུང་ཚོགས་ཀྱི། །གཉིས་མེད་རྒྱུད་སྡེའི་གླིང་ལ་དབང་སྒྱུར་ཞིང་། །ཡིད་སྲུབས་བདག་པོའི་དཔུང་གི་གཡུལ་ངོ་ལས། །རྣམ་པར་རྒྱལ་བ་དེ་ལ་ཕྱག་འཚལ་ལོ། །གང་ཐུགས་ཡིད་བཞིན་རྒྱ་མཚོའི་འཇུག་ངོགས་ལས། །རྒྱུད་དོན་བསམ་འཕེལ་དབང་གི་རྒྱལ་པོ་ཡི། །རྣམ་མང་སྐྱེ་བོའི་བློ་ཡི་རྒུད་པ་ཀུན། །སེལ་མཛད་བཤེས་གཉེན་བཟང་པོར་ཕྱག་འཚལ་ལོ། །བཀྲ་ཤིས་དགེ་མཚན་དུ་མའི་དཔལ་ལྡན་པ། །ཤེལ་གྱི་ལྗོན་པ་བརྐྱངས་འདྲའི་ཕྱག་ཟུང་ནི། །གཏོང་བའི་རིན་ཅེན་ཕྲེང་བས་ཅི་ཡང་མཛེས། །དཔལ་ལྡན་རིན་ཅེན་ཕྱག་ལ་ཕྱག་འཚལ་ལོ། །ཕ་རོལ་ཕྱིན་པ་རྣམ་བཅུའི་འཇུག་པ་ཅན། །ཉོན་མོངས་སྟོབས་ལྡན་སྲོག་འཕྲོག་བསྡུ་བཞི་ཡི། །མཁའ་ལྡིང་དབང་པོའི་བཞོན་པས་རྣམ་རོལ་བ། །རིགས་ལྡན་ཁྱབ་འཇུག་སྦས་པ་ལ་ཕྱག་འཚལ། །རྨད་བྱུང་ཡོན་ཏན་དཀྱིལ་འཁོར་ཡོངས་སུ་རྫོགས། །ཆོས་རྒྱལ་ཉི་མ་གྲགས་པའི་འོད་སྟོང་ཅན། །ཡིད་ཅན་རྨོངས་པའི་མུན་པ་དྲུངས་འབྱིན་པ། །སྐལ་བཟང་པདྨོའི་གཉེན་ལ་ཕྱག་འཚལ་ལོ། །ཕུལ་དུ་བྱུང་བའི་རྣམ་དཔྱོད་ལུས་སྟོབས་རྒྱས། །གཞན་ཕན་གསེར་གྱི་དྲ་བས་གདོང་མཛེས་ཤིང་། །བདུད་བཞིའི་འདམ་བུའི་ཚལ་ཀུན་འཇོམས་མཁས་པ། །ལག་ལྡན་ཤིན་ཏུ་བཟང་པོར་ཕྱག་འཚལ་ལོ། །རྒྱུད་སྡེ་རྒྱ་མཚོའི་ཁྱོན་ལ་དབང་སྒྱུར་ཞིང་། །སྒྲིབ་གཉིས་མཁའ་ལྡིང་དགྲ་ལས་རྣམ་པར་རྒྱལ། །གྲུབ་མཆོག་ཡིད་བཞིན་ནོར་བུའི་གདེངས་ཀ་ཅན། །རྒྱ་མཚོ་རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །(༣༡ན)རྒྱུད་དོན་བཀའ་གནས་འགྲེལ་བ་རྩིས་ཀྱི་སྲོལ། །འཕགས་པའི་ཡུལ་གྱི་འཛིན་མར་སྣང་མཛད་ཅིང་། །རྒྱལ་བར་དཀའ་བ་བདུད་སྡེའི་དཔུང་འཇོམས་པ། །དཔལ་ལྡན་མ་ཕམ་པ་ལ་ཕྱག་འཚལ་ལོ། །རྣམ་དག་རིགས་ཀྱི་མེ་ཤེལ་ཁམས་ལས་གྲུབ། །སྙིང་རྗེའི་རྟ་བདུན་ཤིང་རྟས་ལེགས་པར་དྲངས། །གཞན་ཕན་ཤར་རིའི་རྩེ་ལ་རྣམ་རོལ་བ། །རིགས་ལྡན་ཉི་མའི་དབང་པོར་ཕྱག་འཚལ་ལོ། །སྣ་ཚོགས་ཚོན་དང་ཉེ་བའི་ཤེལ་བཞིན་དུ། །གྲངས་མེད་གདུལ་བྱའི་སྣང་ངོར་གཟུགས་ཀྱི་སྐུ། །མི་འདྲའི་རྣམ་རོལ་སྟོང་གི་ཟློས་གར་མཁན། །རིགས་ལྡན་སྣ་ཚོགས་གཟུགས་ལ་ཕྱག་འཚལ་ལོ། །སྙིང་རྗེ་བདུད་རྩིའི་ཆ་ཤས་ཡོངས་སུ་རྫོགས། །ལྷག་བསམ་རི་བོང་མཚན་མས་རྣམ་པར་མཛེས། །རིམ་གཉིས་ཟླ་བའི་འོད་ཀྱིས་ས་གསུམ་གྱི། །འགྲོ་བའི་མུན་པ་འཕྲོག་ལ་ཕྱག་འཚལ་ལོ། །ཐབས་ཤེས་ཉི་ཟླའི་སྣང་བ་ཅི་ཡང་གསལ། །སྒྲིབ་གཉིས་ཆུ་འཛིན་ནག་པོའི་གོས་དང་བྲལ། །ཕུན་ཚོགས་ཀུན་གྱི་གོ་སྐབས་འབྱེད་མཁས་པ། །མཁའ་ལྟར་ཕ་མཐའ་ཡས་ལ་ཕྱག་འཚལ་ལོ། །ཐེག་མཆོག་ཆོས་ཀྱི་ས་ཆེན་ལེགས་པར་སྐྱོང་། །འཕགས་ནོར་རིན་ཅེན་བདུན་ལ་འདོད་དགུར་སྤྱོད། །ད་ལྟ་ཟབ་ལམ་བདུད་རྩིའི་དགའ་སྟོན་མཆོག །འགྱེད་མཛད་ས་སྐྱོང་དབང་པོར་ཕྱག་འཚལ་ལོ། །ཟབ་ཡངས་རྒྱུད་སྡེའི་སྐྱེད་ཚལ་ཉམས་དགའ་བར། །མི་འགྱུར་བདེ་ཆེན་སྦྲང་རྩིའི་དཔལ་ལ་སྤྱོད། །བྱེ་བ་དགུ་བཅུ་རྩ་དྲུག་ཡུལ་གྱི་ལྗོངས། །སྐྱོང་མཛད་དཔལ་སྐྱོང་ཞབས་ལ་ཕྱག་(༣༡བ)འཚལ་ལོ། །དཔལ་ལྡན་སྟོབས་བཅུའི་གངས་རི་ལ་གནས་ཤིང་། །སོ་སོར་རིག་བཞིའི་སྦར་ཁྱིམ་རྣམ་པར་བགྲད། །མི་འཇིགས་རྣམ་བཞིའི་གད་རྒྱངས་ཆེར་སྒྲོག་པ། །འཇིགས་མེད་སྨྲ་བའི་སེང་གེ་ལ་ཕྱག་འཚལ། །ཐུབ་དབང་བསྟན་པའི་ས་ཆེན་སྲུང་མཁས་ཤིང་། །ནག་ཕྱོགས་རྣམ་པར་གནོན་པའི་དགྲ་ཐབས་ཀྱིས། །ཆུ་སྲིན་རྒྱལ་མཚན་ཅན་གྱི་གཡུལ་ངོ་ལས། །རྒྱལ་མཛད་རྣམ་པར་གནོན་ལ་ཕྱག་འཚལ་ལོ། །མ་ལུས་གསང་བའི་མཛོད་ལ་དབང་སྒྱུར་ཞིང་། །མཐའ་དག་འབྱུང་པོ་བརྩེ་བས་རྗེས་སུ་འཛིན། །གྲགས་ལྡན་རྒྱས་སྲས་ཀུན་གྱི་རལ་པའི་རྒྱན། །དཔལ་ལྡན་སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །མ་ལ་ཡ་ཡི་སྐྱེད་མོས་ཚལ་གྱི་དབུས། །འཇིགས་མེད་སེང་གེའི་ཁྲི་ལ་ཞབས་བཀོད་ནས། །དང་པོ་སངས་རྒྱས་འཇིག་མེད་རྟག་པའི་ལམ། །སྒྲོག་མཛད་མ་འགགས་པ་ལ་ཕྱག་འཚལ་ལོ། །ཀཻ་ལ་ཤ་ཡི་གངས་ཀྱི་ས་འཛིན་རྩེར། །ལུང་དང་རིགས་པའི་སྡེར་འཕྲེང་ཆེར་གཡོ་བས། །རྒོལ་ངན་གཉིས་འཐུང་དྲེགས་པ་ཀུན་གྱི་སྲོག །འཕྲོག་མཛད་མི་ཡི་སེང་གེར་ཕྱག་འཚལ་ལོ། །སྟོང་ཉིད་རི་སྲས་དགའ་མའི་ལང་ཚོ་ཅན། །གང་ཐུགས་མི་འགྱུར་བདེ་བས་རྟག་རོལ་ཅིང་། །སྤྱི་བོར་བྱང་ཆུབ་སེམས་ཀྱི་ཟླ་ཤེལ་ནི། །རབ་མཛེས་དབང་ཕྱུག་ཆེན་པོ་ལ་ཕྱག་འཚལ། །མཐའ་ཡས་ཡོན་ཏན་ཚོགས་ལ་དབང་སྒྱུར་ཞིང་། །ཉེས་པའི་དྲི་མ་མ་ལུས་རིང་དུ་སྤངས། །འཆི་མེད་རྣམ་པར་རྒྱལ་བའི་གོ་འཕང་ལ། །སྤྱོད་མཛད་མཐའ་ཡས་རྣམ་རྒྱལ་ལ་ཕྱག་འཚལ། །(༣༢ན)དུམ་བུ་བཅུ་གཉིས་ས་ཡི་ཁྱོན་ཀུན་དུ། །གཉིས་མེད་ཆོས་ཀྱི་འཁོར་ལོས་དབང་སྒྱུར་ཞིང་། །ཆོས་མིན་སྨྲ་བ་ཀླ་ཀློའི་དཔུང་གི་ཚོགས། །འཇོམས་མཛད་འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །གསང་བའི་བདག་སོགས་རྒྱལ་བའི་སྲས་རྣམས་དང་། །གཤིན་རྗེ་མཐར་བྱེད་ལ་སོགས་ཁྲོ་བོའི་ཚོགས། །འགྲོ་བའི་དོན་དུ་རྒྱལ་པོའི་རྣམ་རོལ་ཅན། །ཆོས་རྒྱལ་རིགས་ལྡན་རྣམས་ལ་གུས་ཕྱག་འཚལ། །འདོད་པའི་འབྲས་སྟེར་དཔལ་ལྡན་བླ་མ་ཞེས། །དང་པོའི་སངས་རྒྱས་ཉིད་ལས་ཆེར་བསྔགས་པའི། །མཚན་ཉིད་ཀུན་ཚང་དགེ་བའི་བཤེས་གཉེན་གྱིས། །ཚེ་རབས་ཀུན་དུ་རྗེས་སུ་འཛིན་གྱུར་ཅིག །ཚེ་འདིའི་ཕུན་ཚོགས་སྒྲུབ་ལས་བློ་ལོག་ཅིང་། །འཁོར་བའི་བདེ་ལ་ཆགས་པའི་ཞེན་པ་དང་། །རང་བདེ་འདོད་པ་དུག་བཞིན་ཡོངས་སྤངས་ནས། །རྒྱལ་སྲས་སྤྱོད་ལ་སྙིང་ནས་སློབ་གྱུར་ཅིག །རྣམ་དག་དབང་བཞིའི་ཆུ་བོས་སྒོ་གསུམ་གྱི། །དྲི་མ་ཀུན་བཀྲུས་སྐུ་བཞིའི་ས་བོན་བཞག །དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུངས་པ་ལས། །ཟབ་མོའི་ལམ་ཀུན་སྐྱེ་བའི་སྣོད་གྱུར་ཅིག །སྐུ་གསུམ་ཉེ་རྒྱུ་སྦྱོར་བ་ཡན་ལག་དྲུག །རྒྱུད་ལ་སྐྱེ་བའི་སྨིན་བྱེད་བླ་ན་མེད། །ཐུགས་གསུང་སྐུ་ཡི་འཁོར་ལོ་ཡོངས་རྫོགས་པའི། །བསྐྱེད་པའི་རིམ་པ་ཕ་མཐར་ཕྱིན་པར་ཤོག །གཟུགས་སྒྲུབ་ཡན་ལག་སོར་སྡུད་བསམ་གཏན་དང་། །སྲོག་སྒྲུབ་ཡན་ལག་སྲོག་རྩོལ་འཛིན་པ་སྟེ། །རྣལ་འབྱོར་རྣམ་བཞིའི་ཉམས་ལེན་མཐར་ཕྱིན་ནས། །རྗེས་དྲན་སྟོང་གཟུགས་མཆོག་གི་སྐུ་འགྲུབ་ཤོག །སྟོང་གཟུགས་ཕྱག་རྒྱ་(༣༢བ)ཆེན་མོའི་ཆུ་སྐྱེས་ལས། །ལེགས་དྲངས་མི་འགྱུར་བདེ་བས་གནས་ལུགས་དོན། །རྟོགས་པའི་ལམ་བཟང་ཉི་ཁྲི་ཆིག་སྟོང་དང་། །དྲུག་བརྒྱས་འཕོ་བའི་བག་ཆགས་དྲུངས་འབྱིན་ཤོག །དེར་ནི་ཡེ་ཤེས་ལྔ་ཡིས་བྱང་ཆུབ་ཅིང་། །ནམ་མཁའ་ཇི་སྲིད་སྐུ་ལྔའི་བདག་ཉིད་ཅན། །རིགས་ལྔའི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་། །ཐོབ་ནས་རྒྱུད་ལྔའི་འགྲོ་ཀུན་སྒྲོལ་གྱུར་ཅིག །གོ་འཕང་མཆོག་དེ་མཐོང་བའི་ཆོས་འདི་ལ། །མངོན་དུ་མ་བྱས་ལྔ་པར་གྱུར་སྲིད་ན། །ཤམྦྷ་ལར་སྐྱེས་རིགས་ལྡན་མཆོག་གི་དྲིན། །བླ་མེད་བདུད་རྩིའི་ཟས་ཀྱི་འཚོ་བར་ཤོག །ཅེས་ཀཻ་ལ་ཤའི་དུམ་བུར་དང་པོའི་སངས་རྒྱས་ཀྱི་ལམ་ཉེ་བར་སྟོན་པ་ཆོས་རྒྱལ་དང་རིགས་ལྡན་རྣམས་ལ་ཕྱག་འཚལ་ཞིང་སྨོན་ལམ་དུ་བྱ་བའི་ཚིགས་སུ་བཅད་པ་འདི་ནི་སྐྱེས་མཆོག་བློ་གྲོས་ཚུལ་ཁྲིམས་པས་ཉེ་བར་བསྐུལ་བའི་ངོར་བཙུན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་དྲག་པོའི་ལོ་ཁྲུམས་ཀྱི་ཟླ་བའི་ཕྱོགས་གཉིས་པའི་ཚེས་གྲངས་དགེ་བ་ལ་རྫིང་ཕྱི་རྒྱལ་བའི་མདུན་སར་སྦྱར་བའོ།། །།

                                             རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
          གསལ་འདེབས།
  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
      དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།